༸གོང་ས་མཆོག་དང་ཁེ་ན་ཌའི་སྲིད་བློན་བར་མཇལ་འཕྲད།
2012.04.28
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་སྲིད་བློན་སི་ཀྲི་ཕེན་ཧའར་པཱར་མཆོག་དང་མཇལ་འཕྲད་བཀའ་བསྡུར་གནང་འདུག
ཁེ་ན་ཌའི་གྲོས་ཚོགས་སུ་ཡོད་པའི་སྲིད་བློན་གྱི་ལས་ཁུངས་ཞིག་ཏུ་རེས་གཟའ་པ་སངས་ཉིན་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་ཡོད་ཅིང་། དེ་སྔོན་ཕྱི་ལོ་༢༠༠༧་ལོར་སྲིད་བློན་སི་ཀྲི་ཕེན་ཧའར་པཱར་མཆོག་གིས། ༧གོང་ས་མཆོག་དང་མཇལ་འཕྲད་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རེས་གཟའ་སྤེན་པའི་ཉིན་རྒྱབ་མི་མང་བདུན་སྟོང་བརྒལ་བར་འཇིག་རྟེན་ཡོངས་ལ་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་གྲུབ་རྗེས་གསར་འགོད་ལྷན་ཚོགས་སུ་ཁ་ས་ཁེ་ན་ཌའི་སྲིད་བློན་སི་ཀྲི་ཕེན་ཧའར་པཱར་མཆོག་དང་མཇལ་འཕྲད་བཀའ་བསྡུར་གནང་བའི་སྐོར་བཀའ་འདྲི་ཞུས་པར་། ཁེ་ན་ཌའི་སྲིད་བློན་སིཀྲི་ཕེན་ཧའར་པཱར་མཆོག་ལ་ང་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུའི་བློ་སྤོབས་འདུག་པས་ཐུགས་དགྱེས་འཚོར་བྱུང་ཞེས་བཀའ་ལན་བསྩལ་གནང་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཇིག་རྟེན་ཞི་བདེའི་དེད་དཔོན་མཆོག་ས་ཕྱོགས་གང་དུ་ཕེབས་ཀྱང་མི་མང་ཆེ་རྒུ་ཡོངས་ཀྱིས་ཡིད་རངས་བསྔགས་བརྗོད་དང་། ཡུལ་ལུང་སོ་སོའི་དབུ་ཁྲིད་ཀྱིས་མཇལ་འཕྲད་ཞུ་ཡི་ཡོད་པ་རེད། ད་ལམ་རྒྱ་ནག་གཞུང་གིས་གནོན་ཤུགས་ཡོད་མིིན་ལ་མ་ལྟོས་པར་ཁེ་ན་ཌའི་སྲིད་བློན་སི་ཀྲི་ཕེན་ཧའར་པར་མཆོག་གིས། ༧གོང་ས་མཆོག་དང་མཇལ་འཕྲད་བཀའ་བསྡུར་གནང་འདུག
འོན་ཀྱང་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེ་སྐུ་སྒེར་མཇལ་འཕྲད་ཅིག་ཡིན་པར་སྲིད་བློན་གྱི་མགྲིན་ཚབ་པས་འགྲེལ་བརྗོད་གནང་བ་དེར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་རི་ཆདྲ་གིཡར་མཆོག་གིས་མཇལ་འཕྲད་གནང་བ་དེ་ཡིད་རྟོན་རུང་བ་ཡིན་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཡོངས་གྲགས་ཀྱི་མཇལ་འཕྲད་གནང་དགོས་ལུགས་གསུངས་པ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་འདུག
ཕྱི་ལོ་༢༠༠༦་ལོར་ཁེ་ན་ཌའི་གྲོས་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་མཐོང་ཁེ་ན་ཌའི་མི་སེར་གྱི་མཚན་གནས་ཕུལ་བར་བརྟེན། ༧གོང་ས་མཆོག་གིས་སྲིད་བློན་སི་ཀྲི་ཕེན་ཧའར་པཱར་མཆོག་ལ་ངའི་སྲིད་བློན་ཞེས་གསར་འགོད་པར་བཀའ་ལན་གནང་དུས་གསུངས་ཡོད་པ་མ་ཟད། ཁེ་ན་ཌའི་གཞུང་གིས་རྒྱ་གར་ནས་བོད་མི་ཆིག་སྟོང་འབྱུང་འགྱུར་གྱི་ལོ་ངོ་ལྔའི་ནང་ཚུད་ཁེ་ན་ཌའི་ནང་གཞིས་སྤོས་བྱ་རྒྱུའི་ལས་གཞིར་བཀའ་འཕྲོལ་གནང་བར་༧གོང་མཆོག་གིས་སྲིད་བློན་མཆོག་ལ་ཐུགས་རྗེ་ཆེ་ཞུ་གནང་མཛད་པ་ཡིན་ལུགས་གསར་འགོད་ལྷན་ཚོགས་སུ་བཀའ་བསྩལ་གནང་འདུག།