༧གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་བ།
2011.09.06
༄༅༎ཕྱི་ཟླ་ ༩ ཚེས་ ༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཨིན་རྡི་ར་གན་རྡི་རྒྱལ་ཡོངས་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བོད་རིག་པའི་ཚན་པ་ཞིག་དབུ་འབྱེད་བཀྲིན་ཆེ་གནང་མཛད་ཡོད་པ་དང༌། ཡང་མཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོ་དེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐོག་གི་རླབས་ཆེན་གྱི་མཛད་ཆེན་ལ་ངོས་འཛིན་ཆེ་ཐོངས་ཞུས་ཏེ་ ཆེས་མཐོའི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་འདུག།
ཕྱི་ཟླ་ ༩ ཚེས་ ༥འི་ཉིན་མོ་དེར་ཨིན་རྡི་ར་གན་རྡི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་ཟིན་པའི་སློབ་མ་ཚོར་སློབ་ཐོན་གཟེངས་རྟགས་སྤྲོད་པའི་འདུ་ཚོགས་ཀྱི་ཉིན་མོ་དེ་ཡང་ཡིན་ཞིང༌། སྐབས་དེར་སློབ་ཐོན་པ་སློབ་མ་ཆིག་འབུམ་ཆིག་ཁྲི་ཆིག་སྟོང་དང་བརྒྱད་བརྒྱ་དགུ་བཅུ་གོ་བརྒྱད་ཙམ་ལ་སློབ་པ་ཐོན་པའི་ལག་འཁྱེར་ཐོབ་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཐོ་སློབ་ཁང་དེར་བོད་རིག་པའི་ཚན་པ་དབུ་འབྱེད་བཀྲིན་ཆེ་གནང་མཛད་པའི་མཛད་སྒོའི་སྐབས་ བོད་ཀྱི་རིག་གནས་ཀྱི་ནང་དོན་གཙོ་བོ་ཁག་ནི་རྒྱ་གར་ནས་བྱུང་བ་ཞིག་ཡིན་པ་དང༌། དེ་བཞིན་བོད་དུ་ནང་ཆོས་དར་འགོ་ཚུཌ་རྗེས་རྒྱ་གར་ནང་ལེགས་སྦྱར་དང་པ་ལཱི་སྐད་ཡིག་ནང་བཞུགས་པའི་ནང་པའི་ཕྱག་དཔེ་པོད་གསུམ་བརྒྱ་ལྷག་བོད་ཡིག་གི་ནང་ཕབ་བསྒྱུར་ཞུས་ཡོད་པ་བཀའ་གནང་ཞིང༌། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དང་བོད་པའི་དབར་གྱི་འབྲེལ་བ་ནི་དགེ་རྒན་དང་སློབ་མའི་འབྲེལ་བ་ཞིག་ཡིན་པ་དང་ དགེ་ཕྲུག་གི་ངོས་ནས་རྒྱ་གར་ནས་དར་བའི་ནང་ཆོས་རིག་གཞུང་ཕུལ་བྱུང་དེ་བསླབ་པ་སློབ་གཉེར་དང་ལག་ལེན་གྱི་ཐོག་ནས་བདག་གཉེར་བྱས་ཡོད་པ་དེ་ ད་ཆ་རྒྱ་གར་དུ་ཕྱིར་ལོག་བྱེད་པའི་དུས་ལ་བབས་ཡོད་པ་བཀའ་གནང་འདུག།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ནང་ཆོས་ཀྱི་རིག་གནས་དེ་ ནང་ཆོས་ཀྱི་ཚན་རིག་དང་ ལྟ་གྲུབ་ ནང་ཆོས་ཉམས་ལེན་བཅས་དབྱེ་བ་གསུམ་དུ་འབྱེད་དགོས་པ་བཀའ་གནང་པ་དང༌། ནང་ཆོས་ཀྱི་ཚན་རིག་གིས་གཙོ་བོ་གཞི་དངོས་པོའི་གནས་ལུགས་སྐོར་དང༌། ནང་ཆོས་ཀྱི་ལྟ་གྲུབ་ཀྱི་གཙོ་བོ་རྟེན་འབྱུང་གི་རྣམ་གཞག་སྐོར། ནང་ཆོས་ཀྱི་ཉམས་ལེན་ནི་ལྟ་བ་རྟེན་འབྱུང་གིས་གཏན་ལ་ཕབ་པའི་གཞི་དངོས་པོའི་གནས་ལུགས་མཐར་ཐུག་རྟོག་ཐབས་སུ་ལམ་ལ་བརྟེན་ནས་ཉམས་ལེན་བྱེད་པ་བཅས་ཡིན་པ་བཀའ་གནང་ཞིང༌། ཨིན་རྡི་ར་གན་རྡི་མཐོ་སློབ་ཁང་འདིའི་ནང་བོད་ཀྱི་རིག་གནས་སློབ་གཉེར་ཁང་གསར་འཛུགས་བྱས་པ་དེ་བརྒྱུད་ནང་ཆོས་ཀྱི་ཚན་རིག་དང་སེམས་ཀྱི་འགྲོ་སྟངས་སྐོར་སློབ་གཉེར་བྱས་ཏེ་ཕན་ཐོགས་ཆེན་པོ་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་འདུག།