༸གོང་ས་མཆོག་ཨ་རིའི་གྲོས་ཚོཌ་འོག་མའི་ཚོཌ་གཙོ་མཇལ་རྒྱུ།
2011.07.06
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་བར་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་བཞིན་ དེ་རིང་རྒྱལ་སའི་ཁུལ་ཨ་མི་རི་ཀའི་བོད་མི་གཙོ་བོར་བསྒྱུར་བའི་འཛམ་གླིང་གྱི་ཡུལ་ཁག་མང་པོ་ནས་ཕེབས་པའི་མི་མང་བརྒྱ་ཕྲག་མང་པོས་ ༧གོང་ས་མཆོག་གུང་གྲངས་༧༦ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཟབ་རྒྱས་ཤིག་གནང་གི་ཡོད་པ་མ་ཟད། སང་ཉིན་གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཇོན་སྦེ་ནར་མཆོག་དང་མཇལ་འཕྲད་གནང་ཡག་རེད་འདུག།
ཁ་ས་ཕྱི་ཚེས་༥ཉིན་གོང་ས་མཆོག་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང༌། སྐབས་དེར་༧གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་མདུན་ས་གནས་བོད་མི་ཚོས་དད་གུས་ཆེན་པོའི་སྒོ་ནས་ཕེབས་བསུ་ཞུ་བར་བཅར་ཡོད་ཅིང༌། དེ་རིང་ནས་བཟུང་ཉིན་གྲངས་༡༡རིང་རྒྱལ་ས་ལྦ་ཤིང་ཀྲོན་གྱི་ཚོགས་ཁང་ཆེན་མོ་ལྦེ་རའེ་ཛོན་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པ་རེད། གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་སྦེ་ནར་མཆོག་གིས་སང་ཉིན་ཁོང་གི་ལས་ཁུངས་ནང་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་པ་དང༌། སྐབས་དེར་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་མཆོག་ནས་ཀྱང་༧གོང་ས་མཆོག་དང་མཇལ་འཕྲད་གནང་འཆར་ཡོད་སྐོར་ཨ་རིའི་གྲོས་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་པ་ཞིག་གིས་འགྲེལ་བརྗོད་གནང་བཞག། ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་དམིགས་བསལ་བོད་དོན་འབྲེལ་མཐུད་པ་ལྕམ་མ་རི་ཡ་ཨོ་ཀྲེ་རོ་ཡིས་གནམ་ཐང་དུ་༧གོང་ས་མཆོག་ཕེབས་བསུ་ཞུ་བར་བཅར་འདུག།