འདི་ལོ་ཡང་བོད་ནང་ངོ་རྒོལ་གྱེན་ལངས་ཡོང་བའི་ཉེན་ཁ་ཡོད་སྐོར།
2009.03.07
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་མང་པོས་གོ་མཚོན་ལག་ཆ་འཐོགས་ནས་མེ་མདའ་རྒྱབ་རྒྱུའི་གྲ་སྒྲིགས་ཡོད་པ་དང་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པ་དང་ཟིང་ཆ་ཡོང་བའི་ཉེན་ཁ་ཆེན་པོ་ཡོད་པར་བརྟེན་ཐུགས་ཁྲལ་ཆེན་པོ་ཡོད་པའི་སྐོར་ཇར་མ་ནིའི་ཕེརེང་ཕ་ཀྲར་གན་ཤོ་ཞེས་པའི་གསར་ཤོག་ལ་བཀའ་གནང་ཡོད་པ་རེད།
གོང་ཞུས་༸གོང་ས་མཆོག་གིས་ཇར་མ་ནིའི་གསར་ཤོག་ལ་བཀའ་གནང་བ་དེ་རེས་གཟའ་པ་སངས་ཉིན་གསར་ཤོག་དེའི་དྲ་རྒྱའི་ཐོག་འདོན་སྤེལ་ཞུས་ཡོད་ཅིང་དེ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིས་རང་དབང་སྒེར་ལངས་གནང་སྟེ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་ཉིན་ཤས་སྔོན་དང་སྔ་ལོ་བོད་ནང་ཞི་རྒོལ་ཆེན་མོ་བྱུང་སྟེ་ལོ་གཅིག་འཁོར་ལ་ཉེ་བའི་སྐབས་སུ་སྤེལ་བ་ཞིག་ཡིན་པ་རེད། རྒྱ་ནག་གཞུང་ལྟར་ན་སྔ་ལོའི་ཞི་རྒོལ་ཆེ་མོའི་ནང་བོད་མི་བཅུ་དགུ་ལས་རྐྱེན་ལམ་དུ་ཕྱིན་མེད་ཚུལ་བཤད་ཀྱང་བཙན་བྱོལ་ནང་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་མ་ཁག་གིས་བོད་མི་དེ་ལས་མང་བ་རྐྱེན་ལམ་དུ་ཕྱིན་པ་མ་ཟད་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་བྱས་སྐོར་བརྗོད་ཀྱི་ཡོད་པ་རེད། ཡིན་ནའི་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཁྱབ་འཇམ་པ་ཕུན་ཚོགས་ཐེ་བའི་རྒྱ་མིའི་དཔོན་རིགས་ཚོས་བོད་ནང་ཟིང་ཆ་ཡོང་བཟོ་མེད་ཚུལ་དང་གསུམ་བཅུའི་དུས་དྲན་གོང་ལ་བོད་ནང་རྒྱ་མིའི་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་སྲུང་ཆ་དོ་དམ་དུ་བཏང་བའི་གནས་ཚུལ་ཐོན་པ་ཁག་ངོས་ལེན་མེད་པའི་གཏམ་བཤད་ཀྱང་བྱས་ཡོད་པའི་གནས་ཚུལ་འདུག།