༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ཆེད་རྩོམ་སྤེལ་བ།
2011.07.05
༄༅༎རྒྱ་གར་གྱི་ཉིན་རེའི་གསར་ཤོག་IANSགྱི་གསར་འགོད་པ་ལྦི་ཤལ་གུ་ལཏ་གྱིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁག་གི་སྐོར་ལ་གནས་ཚུལ་ཤིན་ཏུ་རྒྱས་་པ་ཞིག་སྤེལ་འདུག་ལ་དེ་དག་གི་སྙིང་དོན་གཙོ་བོ་ཞིག་ནི་༧གོང་ས་མཆོག་ད་ཆ་དགུང་གྲངས་ ༧༦ ལ་ཕེབས་པ་དང་སྦྲགས་ མགོན་པོ་གང་ཉིད་ཉིན་གཅིག་བོད་དུ་ཕྱིར་ཕེབས་གནང་རྒྱུའི་ཐུགས་འདོད་དང་ སྤྲོ་སྣང་ཤིན་ཏུ་ཆེན་པོ་ཡོད་ཅེས་ གསར་འགོད་པར་བཀའ་གནང་བ་ཞིག་གསལ་བཤད་བྱས་འདུག་ དེ་དང་དུས་མཚུངས་ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བཞིན་ རྒྱ་ནག་གི་མངའ་འོག་ཏུ་ བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཆབ་སྲིད་གནས་བབ་ཅིག་དགོས་ཞེས་རྩོད་གླེང་གནང་གི་ཡོད་པ་ལས་ རང་བཙན་གཙང་མ་དགོས་ཞེས་བཀའ་གནང་གི་མེད་པའི་གནས་ཚུལ་ཡང་བསྐྱར་ཟློས་བྱས་འདུག་པ་དང་ འོན་ཀྱང་རྒྱ་ནག་གཞུང་གི་ཕྱོགས་ནས་༸གོང་ས་མཆོག་ནི་བོད་དེ་རྒྱ་ནག་ནས་ ཁ་བྲལ་གཏོང་མཁན་ཞིག་རེད་ཅེས་ སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་ གསར་འགོད་པ་ལྦི་ཤལ་གུ་ལཏ་གྱིས་རྒྱ་གར་གྱི་ཉིན་རེའི་གསར་ཤོག་IANS གྱི་ནང་གནས་ཚུལ་འགྲེམས་སྤེལ་བྱས་ཡོད་པ་རེད་
གསར་ཤོག་དེའི་ནང་༸གོང་ས་མཆོག་གིས་ད་ཆ་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འཛམ་གླིང་ཞི་བདེའི་དོན་དུ་ དཔལ་དུས་ཀྱི་འཁོེར་ལོའི་དབང་ཆེན་སྩལ་གནང་མཛད་ཕྱིར་ ཆིབས་བསྒྱུར་གནང་སྟེ་ མཛད་འཕྲིན་ཤིན་ཏུ་རྒྱས་པོ་མུ་མཐུད་གནང་རྒྱུ་ཡིན་པའི་སྐོར་ གནས་ཚུལ་སྤེལ་འདུག།