༸གོང་ས་མཆོག་ནས་དང་བླངས་དཔྱ་དངུལ་ཕྱག་དེབ་དགྱེས་བཞེས།
2011.08.06
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དང་བླངས་དཔྱ་དངུལ་ཕྱག་དེབ་དགྱེས་བཞེས་གནང་ཡོད་པའི་གནས་ཚུལ་འདུག
ལོ་འདིའི་ཕྱི་ཟླ་གསུམ་པའི་ནང་། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་མི་མང་གི་འོས་འདེམས་བྱེད་པའི་མི་སྣར་རྩིས་སྤྲོད་གནང་རྒྱུ་ཡིན་ཞེས་བཀའ་ཕེབས་པར་གྲོས་ཚོགས་དང་། མང་ཚོགས་གཉིས་ནས་མུ་མཐུད་འབོད་སྐུལ་ཞུས་པར་བཀའ་བཞེས་མ་གནང་སྟབས་མཐའ་མ་ཕྱི་ཟླ་ལྔ་པའི་ནང་རྒྱལ་ཡོངས་ཚོགས་འདུ་བསྐོངས་ཚོགས་གནང་དགོས་བྱུང་ཡོད་པ་རེད། ཚོགས་ཆེན་ཐོག་ནས་བཅའ་ཁྲིམས་ཟིན་བྲིས་ལ་གྲོས་བསྡུར་གྱི་མཐའ་མ་༧གོང་ས་མཆོག་ཆ་ཚང་བགྲེས་ཡོལ་ཕེབས་ནས་ཆབ་སྲིད་ཀྱི་སྐུ་དབང་བོད་མི་མང་གི་འོས་འདེམས་བྱེད་པའི་བཀའ་བློན་ཁྲི་པས་བཞེས་གནང་རྒྱུའི་ཐག་ཆོད་བྱུང་བ་བཅས་ལ་བརྟེན། བོད་མིའི་སྒྲིག་འཛུགས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། ཕྱི་ལོ་ ༡༦༤༢ ལོར་༧གོང་ས་ལྔ་པ་ཆེན་པོས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་དབང་བསྒྱུར་བའི་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་པ་ནས་བཟུང་། བོད་ཀྱི་ལུགས་གཉིས་ཀྱི་མངའ་དབང་ཆ་ཚང་༧གོང་ས་སྐུ་ཕྲེང་ན་རིམ་ནས་བདག་གིར་བཞེས་བཞིན་པའི་རྒྱལ་ཁབ་ཀྱི་དབུ་འཁྲིད་ཡིན་པའི་ཆ་ནས། ད་བར་དཱང་བླང་དཔྱ་དངུལ་གནང་ཐབས་མ་བྱུང་ཡང་། ད་ཆ་དེའི་གནས་བབས་འགྱུར་བ་ཕྱིན་པའི་དབང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཱང་བླང་དཔྱ་དངུལ་གསོལ་བསྩལ་གནང་རྒྱུའི་དགོངས་གཞི་བཀའ་གནང་བ་ལྟར། ཁ་ས་ཕྱི་ཟླ་བརྒྱད་པའི་ཚེས་ལྔ་ཉིན། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། འབྲེལ་ཡོད་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་རྣམ་གཉིས། ༧གོང་ས་མཆོག་གི་གཟིམ་ཆུང་དུ་ཆེད་བཅར་གྱི་དཔྱ་དངུལ་ཕྱག་དེབ་འབུལ་བཞེས་གནང་ཡོད་པ་དང་། དཔྱ་དངུལ་འབུལ་རྒྱུའི་དུས་ཚེས་དེ་བཞིན་ཕྱི་ཟླ་ལྔ་པའི་ཚེས་ ༢༩ ནས་བཟུང་བོད་མི་གཞན་དང་གཅིག་མཚུངས་དཔྱ་དངུལ་ཕུལ་གནང་རྒྱུ་ཡིན་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་བཀོད་ཐོན་བྱུང་འདུག།