༸གོང་ས་མཆོག་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད།
2011.10.09
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨཕ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེས་མོནཌ་ཀྲུ་ཀྲུ་མཆོག་གི་འཁྲུངས་སྐོར་ལ་བརྙན་འཕྲིན་བརྒྱུད་འཚམས་འདྲི་གནང་རྗེས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་འདུག
རེས་གཟའ་སྤེན་པའི་ཉིན་ལྷོ་ཨཕ་རི་ཀའི་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་དཔོན་ཌེས་མོནཌ་ཀྲུ་ཀྲུ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུར་རྒྱ་ནག་གི་གནོན་ཤུགས་འོག་ཐོངས་མཆན་མ་ཕུལ་བར་བརྟེན་༸གོང་ས་༸སྐྱབས་མཆོག་དངོས་སུ་ལྷོ་ཨཕ་རི་ཀར་ཆིབས་བསྒྱུར་བསྐྱངས་གནང་ཐུབ་མེད་ཀྱང་། ཆོས་དཔོན་གྱི་འཁྲུངས་སྐར་ཉིན་བརྙན་འཕྲིན་བརྒྱུད་འཚམས་འདྲི་གནང་བ་མ་ཟད་རྗེས་སུ་བརྙན་འཕྲིན་ཐོག་ནས་དབུ་ཁྲིད་རྣམ་གཉིས་དབར་ཕན་ཚུན་མཛའ་བརྩེའི་མཇལ་མོལ་ཆུ་ཚོད་གཅིག་ཙམ་གནང་ཡོད་འདུག། ཀྲུ་ཀྲུ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་གི་ངོས་ནས་༸གོང་ས་མཆོག་ལ་དེ་ཙམ་གྱི་འཇིགས་སྣང་བྱེད་དགོས་དོན་ཇི་ཡིན་ བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ རྒྱ་ནག་གཞུང་གི་ངོས་རང་བདུད་ཞིག་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེ་ཞུ་བཞིན་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་དང་གཞན་ཡང་སྲིད་དབང་གཅིག་བསྡུད་ལམ་ལུགས་ཀྱི་འགོ་འཁྲིད་ཚོས་སྐྱག་རྫུན་ཤོད་རྒྱུ་ནི་ཁོང་ཚོའི་མི་ཚེའི་ནང་གི་ཆ་ཤས་ལྟ་བུ་ཞིག་ཆགས་ཡོད་སྟབས་ ངས་སྐད་ཆ་དྲང་པོ་བཤད་པ་དེར་རྒྱ་ནག་གི་དཔོན་རིགས་ཚོར་མི་བདེ་བ་བཟོ་ཡི་ཡོད་པ་རེད་ཅེས་བཀའ་ལན་གནང་ཞིང༌། ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ རྒྱ་ནག་གི་མི་དམངས་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཤེས་རྟོགས་ལྡན་པའི་ཐོག་ནས་བཟང་ངན་ཇི་ཡིན་ཐག་གཅོད་བྱེད་པའི་ཐོབ་ཐང་དགོས་ཀྱི་རེད་ཅེས་བཀའ་གནང་འདུག།