༸གོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ལ་འཚམས་འདྲི།
2009.10.10
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ལ་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་འཚམས་འདྲིའི་ཕྱག་ཡིག་གནང་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ས་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤི་ཀྲོན་དུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་པ་དང་བསྟུན་ནས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ལས་ཁུངས་བརྒྱུད་ཨ་རིའི་སྲིད་འཛིན་མཆོག་ལ་གསུང་འཕྲིན་ཞིག་བསྩལ་བའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ཨ་རིའི་སྲིད་འཛིན་མཆོག་ནས་རྒྱལ་སྤྱིའི་རྩོད་རྙོག་ཁག་རྣམ་སྤྱོད་དང་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་བཞིན་པར་ངོས་འཛིན་ཞུས་ཏེ་འདི་ལོའི་ཞི་བདེའི་གཟེངས་རྟགས་ཕུལ་བར་མགོན་པོ་གང་ཉིད་ཐུགས་དགྱེས་ཚོར་ཆེན་པོ་བྱུ་ངསྐོར་བཀའ་གནང་འདུག ཡང་༸གོང་ས་མཆོག་གིས་ཨོ་སྦ་མ་མཆོག་ནས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་བཟོ་ཐབས་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་འབད་བརྩོན་གནང་བཞིན་པར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ངོས་འཛིན་གནང་བའི་སྐོར་དང་འདས་པའི་ལོ་བརྒྱ་ཕྲག་ཉི་ཤུ་དེ་ནི་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད་པ་དང་དུས་རབས་ཉི་ཤུ་རྩ་གཅིག་པ་དེ་གྲོས་མོལ་གནང་མཉམ་འབྲེལ་གྱི་དུས་རབས་ཤིག་བསྐྲུན་རྒྱུར་ང་ཚོ་ཚང་མར་འགན་འཁྲི་ཡོད་སྟབས་གཅིག་ལ་གཅིག་བརྟེན་གྱི་འཛམ་གླིང་འདིའི་ནང་ཕྱོགས་ཡོངས་ནས་བྱམས་བརྩེའི་ཐབས་ལམ་གོང་འཕེལ་གཏོང་དགོས་ཀྱི་རེད་ཅེས་དང་ཡང་༸གོང་ས་མཆོག་གིས་ཨ་མི་རི་ཀ་གསར་འཛུགས་གནང་མཁན་གྱི་དབུ་འཁྲིད་རྣམས་ཀྱིས་ཨ་རི་ནི་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་རང་དབང་དང་འདོད་དབང་གཞི་རྩར་བཟུང་ནས་བཙུགས་གནང་བ་ཞིག་ཡིན་སྟབས་ད་ལྟའི་ཨ་རིའི་དབུ་འཁྲིད་རྣམས་ཀྱིས་གཞི་རྩའི་རྩ་དོན་དེ་དག་བརྒྱུད་འཛིན་དགོས་པ་གལ་འགངས་ཆེན་པོ་ཡིན་ལུགས་དང་བཞེངས་ཕྱོགས་དེ་འཛིན་ཚེ་ཨ་རིའི་སྙན་གྲགས་འཕེལ་རྒྱས་གཏོང་རྒྱུ་མ་ཟད་འཛམ་གླིང་ནང་ཞེད་སྣང་དངངས་ཚབ་ཆུང་དུ་འགྲོ་རྒྱུར་ཡང་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་ཡིན་སྐོར་བཀའ་གནང་འདུག།