༸གོང་ས་མཆོག་ལ་དམངས་གཙོ་མཛད་རྗེས་ཀྱི་གཟེངས་རྟགས།
2010.02.20
༄༅༎འདི་ཚེས་༡༩ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་གྲོས་ཚོགས་དཔེ་མཛོད་ཁང་དུ་ཨ་རིའི་དམངས་གཙོ་ཐེབས་རྩ་ཁང་གིས་བོད་མིའི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམངས་གཙོའི་མཛད་རྗེས་ཀྱི་གཟེངས་རྟགས་ཞེས་པ་འབུལ་བཞེས་གནང་ཡོད་པ་རེད་ གཟེངས་བསྟོད་ཀྱི་བྱ་དགའ་དེ་༸གོང་ས་མཆོག་ལ་འབུལ་དོན་ནི་༸གོང་ས་མཆོག་ཆེན་པོ་མཆོག་གིས་དམངས་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཆེ་མཐོང་སོགས་ཀྱི་གནས་སྟངས་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་ངོས་འཛིན་གནང་བ་ཞིག་ཡིན་འདུག་ཅིང་། དེ་ཡང་ཉེ་ལམ་གཟེངས་རྟགས་དེ་༸གོང་ས་མཆོག་ལ་འབུལ་རྒྱུའི་གསལ་བསྒྲགས་གནང་བའི་སྐབས་དམངས་གཙོའི་ཐེབས་རྩ་ཁང་གི་ཚོགས་གཙོ་ཁའལ་གར་ཤི་མེན་གྱིས་བོད་མི་ཚོས་རང་གི་ལེགས་བྱང་གཅེས་ཉར་ཆེད་འཐབ་རྩོད་གང་བྱས་པ་དེ་འཛམ་གླིང་ཡོངས་ཀྱིས་ཤེས་ནའང་། དེ་ཙམ་ཡོངས་གྲགས་མེད་པ་ནི་༸གོང་ས་མཆོག་བོད་ནས་བཙན་བྱོལ་དུ་ཆིབས་བསྒྱུར་མ་གནང་གོང་ནས་ཀྱང་གཞུང་གི་འཛིན་སྐྱོང་ལམ་ལུགས་ནང་གལ་ཆེའི་བཅོས་བསྒྱུར་ལག་བསྟར་མཛད་ཐབས་གནང་ཡོད། བཙན་བྱོལ་ནང་ཆིབས་སྒྱུར་གནང་རྗེས་བཅོས་བསྒྱུར་དེ་དག་གཞི་ནས་ལག་བསྟར་ཐུབ་པ་བྱུང་སྟེ། དེང་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང༌། འོས་འདེམས་བྱས་པའི་སྤྱི་འཐུས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང༌། དེ་བཞིན་ཉིན་རེའི་འཛིན་སྐྱོང་གི་ལས་དོན་ཐོག་མང་ཚོགས་ཀྱི་སྐུ་དབང་ལྡན་པའི་བཀའ་བློན་ཁྲི་པ་བཅས་ཡོད། བོད་མི་སྐྱབས་བཅོལ་བ་ཚོས་ རང་གི་དཀའ་ངལ་དེ་བཟང་པོའི་ནུས་ཤུགས་ཤིག་ཏུ་བསྒྱུར་ཐུབ་ཡོད་པ་དེ་ནི། དཀའ་སྡུག་མྱོང་བཞིན་པའི་མི་མང་ཚོར་བློ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་ཅེས་གསུངས་ཡོད་པ་རེད།།