དཔལ་དུས་ཀྱི་འཁོར་ལོའི་དབང་ཐེངས་༣༡་པ་དེ་ལེགས་གྲུབ།
2011.07.16
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཐེངས་༣༡་པ་དེ་ལེགས་པར་གྲུབ་པ་རེད། ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐྱོང་བཀའ་དྲིན་ཆེ་བ་ཞེས་ཨ་རིའི་རྒྱལ་སའི་མངའ་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པར་བཀའ་བཞེས་བཟང་པོ་འཐོབ་སྟེ་འཛམ་གླིང་ཞི་བདེ་དང་། བོད་ཀྱི་བསྟན་སྲིད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བ། འཛམ་གླིང་ཁྱོན་ཡོངས་ལ་རང་བཞིན་འབྱུང་བའི་གནོད་འཚེ་མི་ཡོང་བ་སོགས་ལེགས་ཚོགས་སྒོ་དུ་མར་དམིགས་ཏེ་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༡་པ་ཐོག་མཐའ་བར་གསུམ་དུ་བར་ཆད་ཕྲ་མོ་ཙམ་མེད་པར་ལེགས་པར་གྲུབ་པ་རེད། དུས་མཚུངས་ཕྱི་ཟླ་༧་པའི་ཚེས་༩་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནུབ་ངོས་ཀྱི་སྤང་ཐང་དུ་མི་མང་བཞི་ཁྲི་སྐོར་ལ་འཛམ་གླིང་ཞི་བདེའི་སྐོར་བཀའ་སློབ་བརྩལ་གནང་མཛད་པ་རེད། ༧གོང་ས་མཆོག་གི་བཀའ་སློབ་གསུང་བཤད་ནང། འཛམ་གླིང་ཞི་བདེ་འགྲུབ་པ་བྱེད་པར་སྐྱེ་བོ་སོ་སོའི་ནང་སེམས་ཀྱི་ཞི་བདེ་འགྲུབ་དགོས་པར་བཀའ་གནང་ཞིང་། དེ་ཡང་མི་སྒེར་གྱི་ནང་སེམས་ཀྱི་བདེ་སྐྱིད་འགྲུབ་ན།
དེ་ནས་ཁྱིམ་ཚང་དང་། སྤྱི་ཚོགས། རྒྱལ་ཁབ་དང་རྒྱལ་སྤྱི་བཅས་རིམ་བཞིན་འཛམ་གླིང་ཞི་བདེ་འགྲུབ་ཐུབ་ཀྱང་འགོ་འཛུགས་མི་རེ་ངོ་རེས་བྱེད་དགོས་པའི་བཀའ་སློབ་ཟབ་མོ་བརྩལ་གནང་བ་རེད། ཕྱི་ལོ་༢༠༡༢་ལོར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུའི་གསལ་བསྒྲགས་ཐོན་ཟིན་པ་དང་།
ད་བར་༧གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༡་གནང་ཟིན་པ་ནས་ཐེངས་དང་པོ་དང་གཉིས་པ་གཉིས་བོད་ནང་གནང་ཡོད་པ་དང་། ནུབ་ཕྱོགས་ཡུལ་གྲུའི་ནང་ཐེངས་༡༡་གནང་ཡོད་པ་ནས་བྱང་ཨ་རིའི་ནང་ཐེངས་༥་གནང་འདུག ༧གོང་ས་མཆོག་གིས་མཚན་སྙན་འཛམ་གླིང་ཁྱོན་ཡོངས་ལ་ཇེ་ཆེར་ཇེ་ཆེར་འགྲོ་བཞིན་པ་ལྟར། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ནུབ་ཕྱོིགས་ཡུལ་གྲུའི་ནང་གནང་བའི་ཁོངས་ནས་ད་རེས་ཆོས་ཞུ་བ་མང་ཤོས་འདུ་འཛོམས་བྱུང་བར་ངོས་འཛིན་གནང་གི་འདུག།