༸གོང་ས་མཆོག་གིས། ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་ཆགས་པ་དེ་བསྐལ་བ་བཟང་པོ་དང་ཉིན་རེ་བཞིན་འཚེ་བ་མེད་པའི་ཐོག་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོད་ཅེས་བཀའ་སྩལ་བ།

2023.01.03
༸གོང་ས་མཆོག་གིས། ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་ཆགས་པ་དེ་བསྐལ་བ་བཟང་པོ་དང་ཉིན་རེ་བཞིན་འཚེ་བ་མེད་པའི་ཐོག་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོད་ཅེས་བཀའ་སྩལ་བ། ༸གོང་ས་མཆོག་གིས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་སྐྲུན་གྱི་རྩིག་རྨང་འཇོག་གནང་མཛད་སྐབས། ༢༠༢༣།༠༡།༠༣ ཉིན།
OHHDL

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཟླའི་ཚེས་༣ཉིན་གྱི་ཞོགས་པ་ཆུ་ཚོད་༡༠མ་ཟིན་ཙམ་ལ། རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྡོ་མ་ཧན་ཞེས་པའི་ས་གནས་སུ། ༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་སྐྲུན་གྱི་རྩིག་རྨང་འཇོག་གནང་མཛད་དེ་ཐུགས་སྨོན་མཚམས་སྦྱོར་བཀའ་དྲིན་བསྐྱངས་པ་དང་འབྲེལ། ཐེངས་འདིའི་མཛད་སྒོའི་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་(Kiren Rijiju)དང་། མངའ་སྡེ་གཞུང་གི་སོ་ནམ་བློན་ཆེན་སྐུ་ཞབས་ཀུམཱར་སརྦཇིཏ་མཆོག་དང་། དེ་བཞིན་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ས་སྐྱའི་ཁྲི་འཛིན་ལས་ཐོག་དང་ཁྲི་ཟུར་རྣམ་པ་གཉིས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ཆེད་ཕེབས་གནང་ཡོད་པ་མ་ཟད། གཞན་བླ་སྤྲུལ་ཁག་དང་དད་ལྡན་མང་ཚོགས་༢༠༠༠ལྷག་ཕེབས་ཡོད་ཅིང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་བུ་གླིང་འདིར་ཞི་བདེ་ཡོང་དགོས་ན། རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་བ་དང་སྤྱོད་པ་འདི་རྒྱ་བསྐྱེད་དུ་གཏོང་དགོས་པ་དང་། རྒྱ་གར་རྒྱལ་ཁབ་འདི་བཞིན་འཚེ་བ་མེད་པ་དང་ཆོས་ལུགས་རིས་མེད་ཅིག་ཆགས་ཡོད་པར་བརྟེན། ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་ཆགས་པ་དེ་བསྐལ་པ་བཟང་པོ་ཞིག་དང་། ཉིན་རེ་བཞིན་འཚེ་བ་མེད་པའི་ཐོག་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོད་པ་བཀའ་སྩལ་བ། 

Untitled design (1).png

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་པ་བཟང་པོ་ནི། ཆོས་དང་ཞི་བདེའི་རྩ་བར་གྱུར་ཡོད་པས། སེམས་པ་བཟང་པོ་བྱེད་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་ཡིན་པ་བཀའ་སྩལ་ཡོད་པ་རེད།

མཐའ་མཇུག་ཏུ་༸གོང་ས་མཆོག་གིས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གཉིས་ནས་ད་ལན་གྱི་ལས་གཞི་དེར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས། དངོས་ཡོད་གནས་ཚུལ་དང་རན་པའི་ཐོག་བྱམས་བརྩེའི་ཉམས་ལེན་དང་གཞན་ཕན་བསྒྲུབ་དགོས་སྐོར་བཀའ་སྩལ་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་མཆོག་གིས་ཀྱང་། ངོས་རང་གནས་མཆོག་རྡོ་རྗེ་གདན་དུ་ཐེངས་མང་སླེབས་མྱོང་། ས་གནས་འདིར་ག་དུས་སླེབས་ཀྱང་སེམས་ནང་བདེ་སྐྱིད་དང་ཞི་བདེ་ཡོང་གི་འདུག གནས་རྩ་ཆེན་འདིར་སླེབས་སྐབས་བྱིན་རླབས་ཀྱང་དམིགས་བསལ་ཅིག་འཐོབ་ཀྱི་འདུག དེ་རིང་ནས་ལོ་༢༥༥༠ཡི་གོང་དུ་སྟོན་པ་བཅོམ་ལྡན་འདས་ས་ཆ་འདིར་ཞབས་སོར་འཁོད་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས་ཡོད་པ་དང་། དུས་དེ་ནས་བཟུང་ད་བར་ས་ཁུལ་འདི་བཞིན་རྒྱལ་སྤྱིའི་ལྟེ་གནས་ཤིག་ཆགས་ཡོད་པ་རེད། དེ་རིང་འདི་གར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་སྤྲུལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ང་ཚོ་འདི་གར་འཛོམས་པ་དེ། ང་རང་ཚོ་ཧ་ལས་པའི་བསྐལ་པ་བཟང་པོ་ཞིག་དང་ཉིན་མོ་དམིགས་བསལ་བ་ཞིག་རེད་བཅས་ཁོང་ནས་གསུངས་སོང་།

Untitled design (2).png

དེ་བཞིན་ཡང་ཁོང་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་འཕགས་པའི་ཡུལ་དུ་རང་གི་ཕ་ཡུལ་གཉིས་པའི་ཚུལ་དུ་བཞུགས་པ་ཙམ་མིན་པར། མགོན་པོ་མཆོག་གི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཕྱུག་པོ་དེ་དག་གསོན་པོར་གནས་རྒྱུར་མཛད་རྗེས་རླབས་ཆེན་བཞག་པར། རྒྱ་གར་དབུས་གཞུང་དང་སྲིད་བློན་མོ་དྷི་མཆོག་དང་། བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་མི་དམངས་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་རྒྱལ་ཁབ་ནས་དུས་ཀུན་ཏུ་མགོན་པོ་མཆོག་གི་བཀའ་དྲིན་བསམ་ཤེས་གནང་རྒྱུ་ཡིན་ཞེས་གསུངས་སོང་།

གཞི་རྩའི་ལྟེ་གནས་འདི་ཐོག་མར་དཔལ་ནཱལནྡཱའི་ལྟེ་གནས་ཞེས་མིང་བཏགས་འདུག་ཀྱང་། རྗེས་སུ་༸གོང་ས་མཆོག་ནས་ནང་པ་ཙམ་མིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཆ་ཚང་མཚོན་ཆེད་ཏཱ་ལའི་བླ་མའི་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་ཞེས་འབྲེལ་ཡོད་ཡོངས་དང་གོ་བསྡུར་གྱིས་བསྒྱུར་གནང་མཛད་ཡོད་པ་རེད། ལྟེ་གནས་ཁང་འདིར་བོད་དང་རྒྱ་གར་གྱི་གནའ་བའི་རིག་གཞུང་ཡོད་དོ་ཅོག་ལ་སློབ་གཉེར་དང།ཉམས་ཞིབ། མཚུངས་བསྔུར། འབྲི་རྩོམ། དཔར་སྐྲུན། སྒོམ་སྒྲུབ་ཉམས་ལེན། ཚོད་བལྟ་སོགས་དོན་གཉེར་བ་སོ་སོའི་གང་ལ་ཅི་འདོད་ཀྱི་ལས་དོན་སྒྲུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎