རྒྱ་ནག་དམངས་གཙོར་འགྱུར་ཆེད་རྒྱལ་སྤྱིས་འབད་བརྩོན་དགོས།
2008.08.13
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་༡༡ ཉིན་ཕེ་རན་སིའི་ནང༌། ཞབས་སོར་འཁོད་གནང་མཛད་ཡོད་པ་དང༌། མཛད་འཆར་ཁོངས་སུ་ཕེ་རན་སིའི་རྒྱལ་ས་པེ་རི་སིའི་ཉེ་འཁྲིས་སུ་ཆགས་པའི་དགས་པོ་རིན་པོ་ཆེའི་ཆོས་ཚོགས་ནང་ཁ་ས་གསུངས་ཆོས་བཀྲིམ་སྩལ་གནང་ཡོད་པ་དང༌། དེ་བཞིན་རིམ་པས་ཕེ་རན་སིའི་ལྷོ་ཕྱོགས་ཁུལ་བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས། ལྦིཡེཏ་ནམ་ནང་པའི་ཆོས་ཚོགས་བཅས་པར་ཆོས་འབྲེལ་བདུན་ཕྲག་གཉིས་ཙམ་རིང་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
ཡང་དེ་རིང་རེས་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་ནས་ཕེ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང༌། མཇལ་འཕྲད་མ་གནང་བའི་གོང་ཙམ་ལ་གསར་འགོད་ལྷན་ཚོགས་ཤིག་ཐོག་ རྒྱ་ནག་རྒྱལ་ཁབ་འདི་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་མཉམ་ཞུགས་བྱེད་རྒྱུ་གལ་འགངས་ཆེན་པོ་རེད་ལ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་ནང་མང་གཙོའི་ལམ་ལུགས་སུ་འགྲོ་ཐབས་བྱེད་རྒྱུར་ཚང་མས་འགན་འཁྱེར་དགོས་ཀྱི་རེད་ཅེས་གསུངས་འདུག ཡང་༸གོང་ས་མཆོག་གིས་མུ་མཐུད་ནས། ཉེ་ཆར་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་བྱུང་བའི་སྐབས་རྒྱ་ནག་གཞུང་ནས་གནས་ཚུལ་རྣམས་ཕྱི་ཕྱོགས་སུ་ཕྱི་གསལ་ནང་གསལ་གང་འཚམས་བཟོས་ཡོད་པ་ཡག་པོ་ཞེ་དྲག་རེད། ད་དུང་མུ་མཐུད་ནས་ཡར་རྒྱས་གཏོང་དགོས་ཀྱི་རེད། ལྷག་པར་དུ་བོད་ཀྱི་གནས་ཚུལ་སྐོར་ད་ལྟའང་རྒྱ་ནག་གཞུང་ནས་གསང་བ་དང༌། གཡོལ་ཐབས་བྱེད་ཀྱི་ཡོད་རེད། དེ་ནི་རྒྱ་ནག་གཞུང་གི་ནོར་འཁྲུལ་དང༌། སྐྱོན་ཆེ་ཤོས་ཤིག་རེད། ཡིན་ནའང་རྒྱལ་སྤྱིའི་ནང་གནས་ཚུལ་གཡོལ་ཐབས་བྱེད་པའི་འགྲིགས་ཐབས་ཡོད་མ་རེད་ལ་དེས་རྒྱ་ནག་ལ་ཕན་ཐོགས་གང་ཡང་ཡོད་མ་རེད་ཅེས་བཀའ་གནང་ཡོད་འདུག།