༧གོང་ས་མཆོག་ལ་རྒྱལ་སྤྱིའི་གཟེངས་རྟགས་ཤིག་ཕུལ་བ།
2011.10.12
༄༅༎༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་འཆམ་མཐུན་འགྲིག་འཇགས་དང་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་མཛད་རྗེས་ལ་ལྷོ་ཨ་ཕེ་རི་ཀའི་ནང་དུ་ཡོད་པའི་མ་ཧཏ་མ་གན་རྡི་ཐེབས་རྩ་ཁང་གི་འཆམ་མཐུན་དང་ཞི་བདེ་ཞེས་པའི་རྒྱལ་སྤྱིའི་གཟེངས་རྟགས་དེ་རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་གི་འཁྲུངས་སྐར་ལ་ཆིབས་བསྒྱུར་སྐབས། ལྷོ་ཨ་ཕེ་རི་ཀའི་གྲོང་ཁྱེར་ཌར་སྦེན་དུ་གན་རྡི་ཐེབས་རྩ་ཁང་གི་གཟེངས་རྟགས་བཞེས་རྒྱུའི་མཛད་འཆར་ཡོད་ཀྱང༌། ལྷོ་ཨ་ཕེ་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ལྦི་ཛ་འབུལ་རྒྱུར་ཀ་ཀོར་བཤད་དེ་མ་ཕུལ་བར་བརྟེན། ཆིབས་བསྒྱུར་གནང་ཐུབ་མེད་པ་རེད། འོན་ཀྱང་རེས་གཟའ་ཉི་མའི་ཉིན་ལྷོ་ཨ་ཕེ་རི་ཀའི་ནང་དུ་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་བསོད་ནམས་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ། གཟེངས་རྟགས་དེ་བཞེས་ཡོད་པ་དང༌། གཟེངས་རྟགས་འབུལ་བའི་མཛད་སྒོ་དེ་གྲོང་ཁྱེར་ཌར་སྦན་གྱི་ཚོགས་ཁང་ཆེན་མོའི་ནང་ཚོགས་གནང་བ་དང༌། སྐུ་མགྲོན་ཞུགས་ཡུལ་སྡིངས་ཆའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་དང༌། དེའི་སྐུ་མདུན་དུ་དཀར་གསལ་མར་མེ་ཕུལ་བ་དང༌། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒྲིག་ཞབས་སྐྱག་སྒྲོན་ཡོད་པ་དེ་སྟོང་པར་བཞག་གནང་ཡོད་པ་རེད།
གན་རྡི་ཐེབས་རྩ་ཁང་གི་ཚོགས་གཙོ་དང་གན་རྡི་མཆོག་གི་ཚ་མོ་ཨེ་ལ་གན་རྡི་མཆོག་གིས་གཟེངས་རྟགས་དེ་སྐུ་ཚབ་དོན་གཅོད་མཆོག་ལ་ཕུལ་བ་དང་སྦྲགས་ཁོང་གི་གཏམ་བཤད་གནང་བའི་ནང༌། ༧གོང་ས་སྐྱབས་མགོན་ཏ་ལའི་བླ་མ་མཆོག་ནི་དུས་རྟག་ཏུ་འཚེ་མེད་ཞི་བདེ་གོང་འཕེལ་ཐོག་ལ་སྐུ་ལས་སྐྱོན་ཡོད་པ་དང༌། ལྷག་པར་དུ་བོད་དེ་རྒྱ་མིས་བཙན་འཛུལ་བྱས་པར་བརྟེན་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གནང་བཞིན་ཡོད་པ་མ་ཟད། ད་བར་དུ་རྒྱ་ནག་གི་ལྷན་དུ་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་འབད་བརྩོན་གནང་བཞིན་པ་དེ་དག་ནི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་འབད་བརྩོན་གནང་བ་ཞིག་ཡིན་པ་རེད་ཅེས་གསུང་ཡོད་པ་རེད།