༸གོང་ས་མཆོག་ནས་རྒྱལ་སྤྱིའི་ལྷན་ཚོཌ་ཤིག་གི་ཐོག་བཀའ་སློབ།
2009.03.06
༄༅༎ཨིན་ཌི་ཡ་ཀྲུ་ཌེ་ཞེས་པའི་དུས་དེབ་ཀྱིས་འཛམ་གླིང་འཕོ་འགྱུར་འགྲོ་བའི་ཉེན་ཚབ་ལ་གདོང་ལེན་བྱ་ཕྱོགས་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཕྱི་ཚེས་དྲུག་ཉིན་ཚོགས་ཡོད་པ་དང་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་འདེབས་པ་བཞིན་ཚེས་དྲུག་གི་སྔ་དྲོ་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་སྟེ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་པ་རེད། དེ་ཡང་འདི་ག་ཁམས་སྐད་སྡེ་ཚན་གྱི་ལྡི་ལིའི་གསར་འགོད་པས་གནས་ཚུལ་བཏང་འབྱུར་བྱུང་བར་གཞིགས་ན་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྲུང་སྐྱོབ་ཧ་ཅང་དམ་བསྒྲགས་ཡོད་པར་བརྟེན་ནས་སྐུ་མགྲོན་རྣམ་པ་ཚོ་མ་གཏོགས་གསར་འགོད་པ་ཡང་ཚོགས་ཀང་ནང་བཏང་མེད་པ་དང་༸གོང་ས་མཆོག་ནས་ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་བའི་ནང་དེང་སྐབས་འཛམ་གླིང་འཕོ་འགྱུར་ཤུགས་ཆེ་འགྲོ་བཞིན་པ་དང་ཆབས་ཅིག་ཏུ་དམག་འཁྲུག་དང་མི་དང་མིིའི་དབར་གྱི་འདུ་ཤེས་རླག་འགྲོ་བའི་ཉེན་ཁ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་ཉེན་ཚབས་དེ་རིགས་བསྐྱབ་ཐབས་སུ་བྱམས་སེམས་ལས་ཚན་རིག་དང་དཔལ་འབྱོར་འཕྲུལ་ཆས་སོགས་ཀྱི་ཕན་ནུས་མེད་པ་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཕན་ཚུན་གྲོས་མོལ་གྱི་རྣམ་པའི་ཐོག་ནས་དཀའ་གནད་ཁག་སེལ་ཐབས་དགོས་པ་སོགས་བཀའ་བསྩལ་ཡོད་པའི་སྐོར་༸གོང་ས་མཆོག་གི་གསུང་སྒྱུར་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ངོ་སྤྲོད་གནང་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚེས་དྲུག་ཉིན་རྒྱབ་ཏུ་རྒྱ་གར་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཐོན་གནང་རྒྱུ་ཡིན་པ་རེད།