དབྱིན་ཇིའི་འགྲེམས་སྟོན་ཁང་གིས་དབྱིན་ཇིའི་སྐད་ནང་ཤི་ཙང་རང་སྐྱོང་ལྗོངས་ཞེས་བཀོད་པར་བོད་དོན་ལས་འགུལ་བ་ཚོས་ངོ་རྒོལ་དང་རེ་སྐུལ་དོན་ཚན་གསུམ་བཏོན་ཡོད་པ།

2024.12.24
དབྱིན་ཇིའི་འགྲེམས་སྟོན་ཁང་གིས་དབྱིན་ཇིའི་སྐད་ནང་ཤི་ཙང་རང་སྐྱོང་ལྗོངས་ཞེས་བཀོད་པར་བོད་དོན་ལས་འགུལ་བ་ཚོས་ངོ་རྒོལ་དང་རེ་སྐུལ་དོན་ཚན་གསུམ་བཏོན་ཡོད་པ། དབྱིན་ཡུལ་འགྲེམས་སྟོན་ཁང་། ཟླ་ཚེས་མི་གསལ།
GATPM

དབྱིན་ཇིའི་རྒྱལ་ཁབ་ཀྱི་ (The British Museum) འགྲེམས་སྟོན་ཁང་ཆེན་མོར་ཉེ་ལམ་ནས་དར་གོས་ཚོང་ལམ་དང་འབྲེལ་བའི་འགྲེམས་སྟོན་ཞིག་གནང་བའི་ནང་། ནམ་རྒྱུན་རྒྱ་ནག་གཞུང་གིས་དྲིལ་བསྒྲིགས་འགྲེལ་བཤད་རྒྱག་སྟངས་ཇི་བཞིན་དུ། དབྱིན་ཇིའི་སྐད་ཡིག་ནང་(Tibet or Xizang Autonomous Region)བོད་དམ་ཤི་ཙང་རང་སྐྱོང་ལྗོངས་ཞེས་བྲིས་ཏེ་བོད་དང་འབྲེལ་བའི་ཅ་ལག་མང་པོ་འགྲེམས་སྟོན་བྱས་ཡོད་པ་མ་ཟད། དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་ནག་གོང་མར་ཕུལ་བ་ཟེར་བའི་ཅ་ལག་དེ་འདྲའི་ཁ་བྱང་དུའང་ཞི་ཙང་རང་སྐྱོང་ལྗོངས་སོགས་བྲིས་ནས་ལོག་འགྲེལ་བྱས་ཡོད་པར་བརྟེན། དབྱིན་ཡུལ་ནང་གི་ (Global Alliance for Tibet & Persecuted Minorities) ཞེས་རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ཚོགས་པ་དང་།

བོད་རིགས་ཚོགས་པ་བཅས་ནས་མཉམ་རུབ་ཀྱིས་དབྱིན་ཇིའི་འགྲེམས་སྟོན་ཁང་ཆེན་མོར་གནོན་ཤུགས་ཀྱི་ཞུ་ཡིག་ཕུལ་ཡོད་ནའང་། ཁོང་ཚོར་གདོང་ཐུག་མི་བྱེད་པ་དང་ཡ་ལན་འདོད་བློ་ཁེངས་པ་ཞིག་མ་བྱུང་བར་བརྟེན། ཟླ་ ༡༢ པའི་ཚེས་ ༡༨ ཉིན་བསྐྱར་དུ་རེ་སྐུལ་གྱི་ཡི་གེ་ཞིག་ཕུལ་བའི་ནང་། བོད་ཅེས་པ་ཁོ་ན་མ་གཏོགས་ཤི་ཙང་རང་སྐྱོང་ལྗོངས་ཞེས་པ་ཕྱིར་འཐེན་དགོས་པ། བོད་མི་ཚོར་འགྲེམས་སྟོན་ཁང་གིས་དགོངས་དག་ཞུ་དགོས་པ། བོད་མི་ཆེད་མཁས་པ་ཚོར་གོ་བསྡུར་གྱིས་དྲང་བདེན་ཐོག་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་འགྲེམས་སྟོན་གནང་དགོས་པའི་དགོས་འདུན་བཏོན་ཡོད་སྐོར། རྒྱལ་སྤྱིའི་བོད་དོན་མནའ་འབྲེལ་དང་བཙན་གནོན་འོག་གི་གྲངས་ཉུང་མི་རིགས་ཀྱི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ནས་འགྲེལ་བརྗོད་གནང་གི་འདུག

The British Museum (1) (1).png
འགྲེམས་སྟོན་ཁང་གི་བོད་ཀྱི་ཅ་དངོས་ཀྱི་འགྲེལ་བར་ཤི་ཙང་འཁོད་པའི་པར། ཟླ་ཚེས་མི་གསལ།

བར་ལམ་ཧྥ་རན་སིའི་ནང་དུའང་འགྲེམས་སྟོན་ཁང་གཉིས་ཀྱིས་བོད་ཀྱི་ཚབ་ལ་ཤི་ཙང་དང་ཧི་མ་ལ་ཡའི་འཇིག་རྟེན་སོགས་བྲིས་ཏེ་བོད་དང་འབྲེལ་བའི་འགྲེམས་སྟོན་བྱས་པར། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དངོས་སུ་སྐད་འབོད་ལས་འགུལ་སྤེལ་ཡོད་པ་ཇི་བཞིན། དབྱིན་ཇིའི་འགྲེམས་སྟོན་ཁང་ཆེན་མོས་བོད་སྐོར་གྱི་འགྲེམས་སྟོན་དེ་ལ་ཁོ་ཚོའི་ཚོགས་པའི་ངོས་ནས་སྐད་འབོད་ལས་འགུལ་གྱི་འཆར་གཞི་གནས་སྐབས་མེད་ནའང། གྲོས་མོལ་གྱི་བརྒྱུད་ལམ་ནས་ནུས་པ་འདོན་ཐབས་ཀྱི་ངང་སྒུག་གནང་གི་ཡོད་པ། ཚེ་རིང་པ་སངས་ལགས་ནས་འགྲེལ་བརྗོད་གནང་གི་འདུག

དབྱིན་ཡུལ་གྱི་འགྲེམས་སྟོན་ཁང་ཆེན་མོ་དེར་ཐད་ཀར་འབྲེལ་ཡོད་ཀྱི་རིག་གཞུང་འགྲེམས་སྟོན་དང་དཔེ་མཛོད་ཁང་བཅས་ཡན་ལག་ཉིས་བརྒྱ་ལྷག་ཡོད་པ་མ་ཟད། དབྱིན་ཇིའི་གཞུང་གི་རིག་གཞུང་དང་བརྒྱུད་ལམ། རྩེད་རིགས་སོགས་ཀྱི་ལྷན་ཁང་གིས་ཐད་ཀར་སྟངས་འཛིན་འོག་གནས་ཡོད་པའི་རྐྱེན་གྱིས། འགྲེམས་སྟོན་ཁང་དེ་བེད་སྤྱོད་ལོག་པར་བཏང་ནས་བོད་མིའི་ཤུལ་བཞག་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཏང་ན་རྩ་བ་ནས་འགྲིག་ཐབས་མེད་པ་ཞིག་ཡིན་པར་བོད་མི་དང་བོད་དོན་ལས་འགུལ་བ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎