ཤེས་རིག་བཀའ་བློན་ཉི་ཧོང་དུ་ཕྱོགས་ཕེབས་ཀྱིས། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཇལ་འཕྲད་བཀའ་མོལ་གནང་ཡོད་པ།

2024.07.09
ཤེས་རིག་བཀའ་བློན་ཉི་ཧོང་དུ་ཕྱོགས་ཕེབས་ཀྱིས། ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཇལ་འཕྲད་བཀའ་མོལ་གནང་ཡོད་པ། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ཉི་ཧོང་དུ་ཕེབས་པའི་སྐབས། ༢༠༢༤།༠༧།༠༧
Tibet.Net

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཉི་ཧོང་གི་ནང་དུ་ཕྱོགས་བསྐྱོད་ཆེད་ཕེབས་ཀྱིས། སྤྱི་ཟླ་ ༧ པའི་ཚེས་ ༦ ཉིན་ཉི་ཧོང་ནང་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་སྐུ་མགྲོན་གཙོ་བོ་གནང་བ་དང་ཆབས་ཅིག སྤྱི་ཟླ་ ༧ པའི་ཚེས་ ༧ ནས་ཉི་ཧོང་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་སྡེ་ཁག་ ༡༣ ཡོད་པའི་འཐུས་མི་ཚོར་མཇལ་འཕྲད་དང་འབྲེལ། བོད་དོན་རྒྱབ་སྐྱོར་སྐོར་བཀའ་མོལ་ལྷུག་པོ་གནང་ཡོད་པ་མ་ཟད། ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་གི་ཁོ་བྷ་མ་གཙུག་ལག་སློབ་ཆེན་དུ་བོད་དང་ལྷོ་སོག་པོ། ཡུ་གུར་བཅས་ཀྱི་ནང་རྒྱ་ནག་གཞུང་གིས་གཏན་སློབ་གསར་འཛུགས་ཀྱིས། བཙན་ཤེད་ཐོག་ནས་སློབ་ཕྲུག་ཚོའི་བསམ་བློ་དང་སྲོལ་རྒྱུན། སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་སོགས་མེད་པར་བཟོ་བཞིན་པའི་སྐོར་ལྷན་ཚོགས་ཤིག་གནང་བའི་སྟེང་། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས་ཚང་མ་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ལ་གཏན་སློབ་དེ་ཚོ་སྒོ་བརྒྱབ་བཅུག་དགོས་པ་དང་། རྒྱ་གཞུང་གི་ཉེན་ཚབས་ཆེ་བའི་སྲིད་ཇུས་དེ་རིགས་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་དགོས་པའི་ལམ་སྟོན་གནང་ཡོད་པ་མ་ཟད། བོད་དང་ཡུ་གུར། ལྷོ་སོག་པོ་བཅས་ཀྱི་ཚོགས་བཅར་བ་དང་རྒྱབ་སྐྱོར་བ་སོ་སོའི་འབྲེལ་ཡོད་གྲོས་ཚོགས་འཐུས་མི་ཚོར་ཆེད་དུ་བཅར་ཏེ། རྒྱ་ནག་ནང་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་དེ་རྣམས་འཕྲལ་དུ་མཚམས་འཇོག་ཡོང་སླད་རེ་སྐུལ་ཞུ་རྒྱུའི་སྤྱི་མོས་གྲོས་ཆོད་ཅིག་ཀྱང་བཞག་ཡོད་པ། ཉི་ཧོང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་གི་འདུག

ཉི་ཧོང་གི་ཀྲོག་ཡོ་གཙུག་ལག་སློབ་ཆེན་དུ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས། རྒྱ་ནག་གི་མི་སེར་སྤེལ་བའི་གཏན་སློབ་ཁག་ནི་གྲངས་ཉུང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་བའི་འཆར་གཞི་ངན་པ་ཞིག་ཡིན། ཞེས་པའི་བརྗོད་གཞི་དང་འབྲེལ་ནས་གསུང་བཤད་གནང་བ་དེ། ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དང་ཉི་ཧོང་བོད་སྐྱོབ་ཚོགས་པ་གཉིས་ནས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་འོག་གོ་སྒྲིག་གནང་ཡོད་པ་དང་། ཡང་ཤེས་རིིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་སྤྱི་ཚེས་ ༩ ཉིན་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་ལ་མཇལ་མོལ་གནང་བ་དང་། སྤྱི་ཚེས་ ༡༠ ཉིན་ནས་ཉི་ཧོང་གི་གཙུག་ལག་སློབ་ཆེན་ཁག་ཅིག་ཏུ་གསུང་བཤད་གོ་སྒྲིག་གནང་འཆར་ཡོད་པ། ཉི་ཧོང་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་དབྱངས་འཛོམས་ལགས་ནས་ངོ་སྤྲོད་གནང་གི་འདུག

ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་གཙུག་ལག་སློབ་ཆེན་དུ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས་གསུང་བཤད་གནང་བའི་ཚོགས་འདུ་དེར། ཉི་ཧོང་གི་སྲིད་དོན་པ་དང་དགེ་རྒན་ཆེན་མོ་དང་སློབ་ཕྲུག དེ་བཞིན་བོད་དང་སོག་པོ་ཡུ་གུར་བཅས་ཀྱི་སྐུ་ཚབ་ལྷན་ཞུགས་གནང་ཡོད་པའི་མུར། རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་། ཐའེ་ཝན་སོགས་ཀྱི་རྒྱ་རིགས་མི་སྣ་ཡང་ཧ་ཅང་མང་པོ་ལྷན་ཚོགས་སུ་བཞུགས་ཐུབ་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎