བསྟན་འཛིན་རྡོ་རྗེ་ལགས་པལེཙ་སྦརག་གྲོང་ཁྱེར་གྱི་སྤྱི་ཁྱབ་འོས་མིའི་ནང་ཞུགས་ཡོད་པ།
2019.12.28

༄༅༎ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཕྱི་ཟླ་༡༢ཚེས་༢༧ཉིན་བརྙན་འཕྲིན་གྱི་བཅའ་འདྲི་ལེ་ཚན་ཞིག་ནང་ཁོང་གིས་སྤྱི་ཁྱབ་ཀྱི་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུར་རེ་བ་ཆེན་པོ་ཡོད་། ཁོང་གི་ཁ་གཏད་ནི་དམངས་གཙོ་ཚོགས་པའི་ད་ལྟའི་གྲོང་སྡེའི་སྤྱི་ཁྱབ་ལས་ཐོག་Colin Read ལ་ས་གནས་མི་དམངས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་ཆུང་དུ་འགྲོ་གི་ཡོད་པ་རེད་ཅེས་གསུངས་འདུག བསྟན་འཛིན་རྡོ་རྗེ་ལགས་ཁོང་གི་བཟའ་ཟླ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཟུར་པ་གནང་མྱོང་མཁན་དབྱངས་ཅན་ལགས་ཞུ་གི་ཡོད་པ་དང་། ཁོང་གི་ནང་མི་རྣམས་སྤྱི་ལོ་༢༠༠༠ཐམ་པ་ལོར་ཨ་རིའི་ནང་ཕེབས་ཡོད་པ་དང་། ཨ་རིའི་གྲོང་འཁྱེར་ནིའུ་ཇར་སི་དང་ནིའུ་ཡོག་ནང་བཞུགས་པའི་རྗེས་༢༠༠༨ལོར་ཕྲུ་གུའི་སློབ་སྦྱོང་སོགས་ཀྱི་ཆེད་ཨ་རིའི་དང་ཁེ་ན་ཌའི་ས་མཚམས་སུ་ཆགས་པའི་Plattsburghགྲོང་སྡེ་ཆུང་ཆུང་ཞིག་ནང་གནས་སྤོས་གནང་ནས་༢༠༡༡ལོར་ཨ་རིའི་མི་གསེར་ཆགས་པ་ཞིག་རེད་འདུག དེ་ཡང་༢༠༡༦ལོར་ཨ་རིའི་སྲིད་འཛིན་Trump འོས་བསྡུར་རྒྱལ་ཁ་ཐོབ་རྗེས་ཨ་རིའི་ནང་ཡོད་པའི་ཕྱི་མི་གཞིས་སྤོས་ཚོར་མི་རིགས་དཀར་པོ་ཉུང་ཤས་ཤིག་གིས་ཁྱད་གསོད་ཀྱིས་མི་རིགས་ཀྱི་མཐོང་ཆུང་བྱེད་པའི་གནས་ཚུལ་ཡང་ཨ་རིའི་ས་ཕྱོགས་ཁག་ནང་བྱུང་ཡོད་པ་བཞིན་བསྟན་འཛིན་རྡོ་རྗེ་ལགས་ཁོང་ལ་ཡང་བར་སྐབས་ཤིག་དཀའ་ངལ་དེ་ལྟར་ཕྲད་པའི་གནས་སྟངས་དེ་འདྲ་ཡང་བྱུང་འདུག་འོན་ཀྱང་ཁོང་གིས་དོན་རྐྱེན་དེ་དག་ལ་བྱམས་སེམས་དང་བརྩེ་བའི་ངང་ནས་གདོང་ལེན་གནང་བར་བརྟེན་གནས་ཚུལ་དེ་རྐྱེན་ངན་གྲོགས་ཤར་དུ་གྱུར་ནས་ས་གནས་ཡུལ་མི་མང་པོས་ཁོང་ལ་གདུང་སེམས་མཉམ་སྐྱེད་ཀྱིས་རྒྱབ་སྐྱོར་དང་དགའ་མོས་བྱེད་མཁན་མང་དུ་ཕྱིན་པ་མ་ཟད་ཨ་རིའི་རྒྱལ་ཡོངས་གསར་ལམ་གྲགས་ཅན་NPR ལ་སོགས་པའི་ནང་ཁོང་གི་གནད་དོན་དེ་དང་འབྲེལ་ནས་བཅའ་འདྲི་ཡང་དང་ལེན་གནང་འདུག དེ་མ་ཟད་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ས་གནས་དེར་བོད་པའི་རིག་གཞུང་གི་ལོ་འཁོར་དུས་བསྟོན་གོ་སྒྲིག་གནང་བ་བརྒྱུད་ནས་ས་གནས་སུ་མི་རིགས་མི་འདྲ་བའི་རིགས་གཞུང་དར་སྤེལ་གཏང་བ་བརྟེན་དུས་སྟོན་གྲོ་སྒྲིག་ཞུ་མཁན་གྱིས་ཁོང་ལ་མི་བཟང་པོ་ཞེས་པའི་ལོ་འཁོར་གྱི་Mandala གཟེངས་རྟགས་ཤིག་ཀྱང་ཐོབ་ཡོད་པ་རེད། བསྟན་འཛིན་རྡོ་རྗེ་ལགས་ཀྱིས་Plattsburghགྲོང་སྡེའི་ནང་འགྲོ་རྒྱུགས་ཆེན་པོ་ཡོད་པའི་Himalayan ཞེས་པའི་ཟ་ཁང་ཞིག་ལོ་མང་རིང་གཉེར་ཀྱི་ཡོད་པ་སོགས་ལ་བརྟེན་ནས་ས་གནས་མི་དམངས་ཀྱི་ངོ་ཤེས་མང་བ་དང་ཆེས་མཐོང་ཡོད་པའི་མི་སྣ་ཞིག་ཆགས་འདུག བསྟན་འཛིན་རྡོ་རྗེ་ལགས་ཀྱིས་༢༠༢༠ལོར་Plattsburghགྲོང་སྡེའི་སྤྱི་ཁྱབ་ཀྱི་འོས་མི་ལངས་རྒྱུའི་ཟླ་འདིའི་ཟླ་སྟོད་ལ་གསལ་སྒྲ་གནང་ཟིན་པ་དང་དྲ་རྒྱ་ཞིག་ཀྱང་སྒོ་འབྱེད་ནས་ཁོང་གིས་རིམ་པས་འོས་བསྡུར་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་བརྗོད་ཡོད།།