བོད་ནང་དགའ་སྟོན་མཚམས་བཞག་ནས་མྱ་ངན་གནང་འདུག
2015.09.02

བོད་ནང་བོད་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པའི་ཆེད་དགོངས་རྫོགས་ཞེ་དགུ་སྲུང་བརྩི་དང་མྱ་ངན་གནང་འདུག
དེ་ཡང་ཉེ་བའི་ནང་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་མིའི་བཙོན་འཇུག་འོག་འདས་གྲོངས་སུ་ཕེབས་ནས་ཉིན་ཞག་བཞི་བཅུ་ཞེ་དགུ་འཁོར་བའི་དུས་ཚེས་ཉིན་ལི་ཐང་དང་། ནག་ཆུ། འབའ་སོགས་བོད་ཀྱི་ས་ཁུལ་མང་པོར་མཆོད་འབུལ་སྨོན་ལམ་གནང་བ་དང་། ཁོང་ལ་མྱ་ངན་གུས་བཏུད་སོགས་ཞུས་འདུག དེའི་སྐོར་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། དུས་རྒྱུན་ཡིན་ན་བོད་ཟླ་དྲུག་པའི་ནང་ལོ་ལྟར་ཁམས་ལི་ཐང་གཙོས་པའི་བོད་ཀྱི་ས་ཁུལ་མང་པོའི་ནང་མི་མང་འདུ་འཛོམས་གནང་སྟེ་རྟ་རྒྱུག་པ་དང་། བྲོ་འཁྲབ་པ། གླུ་ལེན་པ་སོགས་དགའ་སྤྲོའི་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་རུང་། འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་༡༢་ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གློ་བུར་དུ་རྒྱ་མིའི་བཙོན་འཇུག་འོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་མི་རྣམས་ཀྱིས་ཁོང་ལ་མྱ་ངན་གུས་བརྩི་ཞུ་ཕྱིར་གོང་ཞུས་དགའ་སྟོན་དེ་རིགས་མཚམས་འཇོག་གནང་འདུག
ད་དུང་ཉིན་ཤས་གོང་འབའ་ཁུལ་གྱི་དགོན་སྡེ་འགའ་ཤས་ནང་སྤྲུལ་སྐུ་དམ་པའི་དགོངས་རྫོགས་ཞེ་དགུའི་ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་བཞུགས་ཁྲིར་བཞུགས་སུ་གསོལ་བ་དང་། མཆོད་འབུལ་རྒྱ་ཆེ་བཤམས་པ་ རྒན་བསྟན་འཛིན་བཟང་པོ་ལགས་ཀྱིས་གསུངས་འདུག
དེ་བཞིན་ནག་ཆུ་ཁུལ་གྱི་དགོན་སྡེ་མང་པོས་མངོན་གསལ་དོད་པའི་སྒོ་ནས་ཞེ་དགུ་མ་ཚར་བར་དུ་མཆོད་འབུལ་སྨོན་ལམ་གནང་འདུག་ལ་ཡང་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེའི་དགོན་པ་ཁམས་ནལེནྜ་ཐེག་ཆེན་བྱང་ཆུབ་ཆོས་གླིང་ནང་སེར་སྐྱ་མང་ཚོགས་ཀྱིས་མཆོད་འབུལ་སྨོན་ལམ་གང་ཐུབ་གསུངས་འདོན་གནང་ཡོད་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།