རྔ་བ་རྫོང་ཐོག་ཏུ་བོད་དོན་སྐད་འབོད་དང་འཇུ་བཟུང་།
2016.12.20
མདོ་སྨད་རྔ་བ་རྫོང་ཐོག་ཏུ་བསྟན་པ་ལགས་ཀྱིས་བོད་དོན་སྐད་འབོད་གནང་རྗེས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེ་ཡང་རྨེའུ་དཀོན་རྒྱམ་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཟླ་བ་འདིའི་ཚེས་༡༦་ཉིན་གྱི་ཉིན་རྒྱབ། བོད་མི་གཞོན་སྐྱེས་བསྟན་པ་ལགས་ཀྱིས་རྔ་བ་རྫོང་ཐོག་གི་དཔའ་བོའི་སྲང་ལམ་ཞེས་བ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། ཁོང་གིས་སྐབས་དེར་༧གོང་ས་མཆོག་གི་སྐུ་པར་ཡོད་པའི་བོད་ཀྱི་རྒྱལ་དར་ཞིག་ལག་ཏུ་བཟུང་ནས་“༧རྒྱལ་བ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས།”ཞེས་ཞི་རྒོལ་སྐད་འབོད་གནང་བཞིན་ཁྲོམ་གཞུང་དུ་གོམ་བགྲོད་གནང་སྟེ་སྐར་མ་ལྔ་ཙམ་ལས་མ་འགོར་བར་ཉེན་རྟོག་པ་བཅུ་གྲངས་ཤིག་གིས་ཁོང་ལ་གཅར་རྡུང་གཏོང་བཞིན་དུ་བཙན་ཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁྱིམ་མི་ཚོས་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པར་ལུས་ཡོད་པ་རེད།
ཞི་རྒོལ་བ་བསྟན་པ་ལགས་ནི། མདོ་སྨད་རྔ་བ་རྫོང་གི་རྨེའུ་རུ་མའི་རུ་ཆེན་དང་པོའི་ཕ་བློ་ཆོས་དང་མ་རྒྱལ་མོ་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་རང་ལོ་༡༨་ཡིན་པ་དང༌། དེ་སྔོན་རྔ་བ་ཀིརྟི་དགོན་དུ་གྲྭ་པ་བྱས་ཤིང་རྗེས་སུ་སྐྱ་སར་བབས་ཏེ་འབྲོག་པའི་འཚོ་བ་བསྐྱེལ་བཞིན་ཡོད་འདུག
དེ་བཞིན་སྤྱི་ཚེས་༡༩་ཉིན་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་ཀྱང་དེ་འབྲེལ་གྱི་གནས་ཚུལ་བཏང་བའི་ནང་། ཉིན་ཤས་སྔོན་མདོ་སྨད་རྔ་བ་རྫོང་དུ་བོད་རིགས་གཞོན་སྐྱེས་ཤིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཞིག་དང་མཇལ་དར་སེར་པོ་ཞིག་འཁྱེར་ནས་རྔ་བ་རྫོང་ཐོག་གི་ལམ་གཞུང་ཐོག་བསྐྱོད་པའི་སྐབས། དམག་ཆས་མ་གྱོན་པའི་རྒྱ་ནག་གཞུང་གི་གསང་བའི་ཉེན་རྟོག་པ་མང་པོས་བོད་རིགས་གཞོན་སྐྱེས་དེ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་སྐོར་ཙམ་ལས། སྐབས་དེར་དུས་ཐོག་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་ཡོད།
གསར་འགོད་པ་ངག་དབང་ཆོས་འཕེལ་དང་། ཀླུ་འབུམ།