བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་འགྲོ་བཞིན་པ་གསལ་སྟོན་གནང་འདུག

2025.04.04
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཇེ་ཞན་ཇེ་སྡུག་འགྲོ་བཞིན་པ་གསལ་སྟོན་གནང་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༢༤ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྐབས། ༢༠༢༥།༠༤།༠༤ ཉིན།
RFA/ Tenzin Woser

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཟླ་ ༤ པའི་ཚེས་ ༤ ཉིན་ཕྱི་ལོ་ ༢༠༢༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་དང་རྒྱལ་སྤྱིའི་རང་དབང་ཚན་པའི་ཞིབ་འཇུག་གཞིར་བཟུང་ན། ཕྱི་ལོ་ ༢༠༢༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དེ་འཛམ་གླིང་ཧྲིལ་པོའི་ནང་ནས་ཆེས་སྡུག་ཤོས་ཡིན་པ་གསལ་ཡོད་པས། བོད་ནང་གི་བོད་མི་ཚོ་སྔར་བཞིན་གཞི་རྒྱ་ཆེ་བའི་བཙན་གནོན་མནར་གཅོད་འོག་ཡོད་པ་མ་ཟད། ༸རྒྱལ་བའི་སྐུ་པར་ཉར་བ་དང་བོད་ཡིག་སྲུང་སྐྱོབ། ཞི་བའི་ངོ་རྒོལ་སོགས་གནང་མཁན་ཚོར་གང་བྱུང་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་ནི། ན་ནིང་ཟླ་ ༢ པའི་ཚེས་ ༢༣ ཉིན་སྡེ་དགེར་སྐམ་ཐོག་ཆུ་མཛོད་གསར་རྒྱག་ལ་ཞི་འབོད་ལས་འགུལ་གནང་བར། བོད་མི་ཆིག་སྟོང་ཙམ་བཀག་ཉར་མནར་གཅོད་བཏང་བ་སོགས་གསལ་སྟོན་གནང་གི་འདུག་པ་དང་མཚུངས། ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། འདས་ལོའི་ནང་བོད་དུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དཀའ་ངལ་དང་གནས་ཚུལ་མང་པོ་ཞིག་བྱུང་ཡོད་པ་དང་། ལྷག་པར་བློ་འཚབ་ཆེ་ཤོས་བྱེད་དགོས་པ་མང་པོ་ལས་གཅིག་ནི། མགོ་ལོག་རྭ་རྒྱའི་འཇིགས་མེད་རྒྱལ་མཚན་ལགས་ཀྱི་སྒེར་བཙུགས་སློབ་གྲྭ་གྲགས་ཅན་ཤེས་རིག་ནོར་བུའི་གླིང་སྒོ་བརྒྱབ་པ་སོགས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

WhatsApp Image 2025-04-04 at 3.42.36 PM (1).jpeg
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་༢༠༢༤ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྐབས། ༢༠༢༥།༠༤།༠༤ ཉིན།

བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་འབྲི་རུ་རྫོང་ནི་རྒྱ་ནག་གཞུང་གིས་དམིགས་བསལ་དམ་དྲག་དང་དྲག་གནོན་ཤུགས་ཆེར་བྱེད་སའི་ས་གནས་ཤིག་ཆགས་ཡོད་པས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འབྲི་རུ་རྫོང་ཁོངས་སུ་རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་དང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཐད། དམིགས་བསལ་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༡༣ ཙམ་ནས་བཟུང་འབྲི་རུ་རྫོང་དུ་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དང་། ཤེས་ཡོན་པ། སྒྱུ་རྩལ་བ་དང་མི་སེར་དཀྱུས་མ་སོགས་བོད་དོན་ཆེད་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་བཀོད་ཡོད་པའི་ཁར། འབྲི་རུ་རྫོང་དུ་རང་ལུས་མེར་སྲེག་དང་ས་གནས་གཞན་དང་མི་འདྲ་བའི་དམ་དྲག་དང་དྲག་གནོན་ཚབས་ཆེ་བྱས་ཏེ། རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ཉེས་པ་ཚབས་ཆེན་བསགས་ཡོད་པའི་འགན་དེ། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲིན་ཆའན་ཀའོ་དང་ཝུ་ཡེན་ཅེ་སོགས་ཀྱིས་འཁུར་དགོས་པ་འཁོད་ཡོད་ཅིང་། འབྲི་རུ་ས་གནས་ཀྱི་གནས་ཚུལ་བསྡུ་རུབ་ལ་རོགས་རམ་གནང་མཁན། བསྟན་འཛིན་སྐལ་ལྡན་ལགས་ཀྱིས་ཁོང་ལ་གནས་ཚུལ་འབྱོར་བ་ལྟར་ན། འབྲི་རུ་རྫོང་དུ་ནགས་ལ་ཁུལ་ལྟ་བུར་རྙོག་དྲ་འཕྲད་སྐབས། བོད་མི་ཆིག་སྟོང་སུམ་བརྒྱ་ལྷག་རེ་བཙོན་འཇུག་བྱས་པའི་གནས་ཚུལ་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྙན་ཐོའི་ནང་། ཨ་རིག་རྟ་ལྡན་དང་མགོ་ལོག་དཔལ་ལྡན། ཀིརྟི་དགོན་པའི་དགེ་འདུན་པ་པདྨ། རོང་པོ་དགེ་འདུན་ལྷུན་འགྲུབ་དང་བསྟན་འཛིན་མཁྱེན་རབ། བསམ་གཏན་དང་བྱམས་པ་ཆོས་འཕེལ། བློ་བཟང་ཐབས་མཁས་དང་ར་ཆུང་དགེ་འདུན། མགོན་པོ་སྐྱིད་དང་བགེགས་འཇོམས། ཚེ་རིང་མཚོ། ཨ་ཉག་སེང་སྒྲ་དང་རིན་ཆེན་ཚུལ་ཁྲིམས། ཀླུ་སྒྲུབ་དང་ཐུབ་བསྟན་བློ་གྲོས། ཀརྨ་བསམ་འགྲུབ་དང་ཚེ་སྒྲོན། བློ་གསལ་དང་མཁན་པོ་བསྟན་དར། མགོན་པོ་རྣམ་རྒྱལ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་འཁོད་ཡོད་པ་དང་འབྲེལ། སྙན་ཐོ་འདིས་བོད་ཀྱི་གནས་སྟངས་ཛ་དྲག་དང་བཀག་སྡོམ་སྔར་ལས་ཆེ་བ། བཙན་གནོན་གྱི་སྲིད་ཇུས་ཚད་ལས་བརྒལ་བ་ཡིན་པར་བསྟན་ཡོད་པ་འཁོད་འདུག

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎