བསྟུན་རྒོལ་ཁྲིམས་གཏུགས་དང་འབྲེལ་ནས་བགྲོ་གླེང་གནང་རྒྱུ།
2014.12.10
བསྟུན་རྒོལ་ཁྲིམས་གཏུགས་དང་འབྲེལ་ནས་བགྲོ་གླེང་དང་སང་ལོ་ལྷ་ས་ནས་མཇལ་ཡོང་ཞེས་བའི་ལས་འགུལ་སྤེལ་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༢༥འཁོར་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཆེད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་ལ་བྲིས་པའི་བསྟུན་རྒོལ་ཁྲིམས་གཏུགས་ཞེས་པའི་དེབ་ཀྱི་ནང་དོན་སྐོར་བགྲོ་གླེང་ཚོགས་འདུ་ཞིག་ཚེས༡༢ཉིན་གོ་བསྒྲིགས་ཞུ་འཆར་འདུག དེ་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་སྔར་ལས་མང་བ་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་སོགས་བྱས་ཏེ་ཁོང་རྣམ་པའི་རྩོམ་བྲིས་རང་དབང་བཙན་འཕྲོག་བྱེད་བཞིན་པ་དང་རྩོམ་པ་པོ་ཁོང་རྣམས་ཀྱིས་རྩོམ་བྲིས་བརྒྱུད་ནས་བོད་ནང་གི་དངོས་ཡོད་གནས་སྟངས་དང་བོད་མིའི་བསམ་འདུན་མཐའ་དག་གསལ་འདོན་བྱེད་བཞིན་ཡོད་སྟབས་རྩོམ་པ་པོ་སྒེར་གྱིས་རྩོམ་བྲིས་རང་དབང་བཙན་འཕྲོག་བྱས་པ་ཙམ་མ་ཟད། བོད་མི་ས་ཡ་དྲུག་གི་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱས་པ་དང་གཅིག་མཚུངས་རེད། དེ་ལ་བརྟེན་ནས་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་འབྲེལ་བོད་ནང་གི་རྩོམ་པ་པོ་རྣམས་ལ་འཕྲད་བཞིན་པའི་ཛ་དྲག་གི་གནས་སྟངས་ཐད་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་རྒྱལ་སྤྱིའི་མང་ཚོགས་བཅས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་ཡོངས་ཐབས་སུ་ཕྱི་ཚེས་༡༢་ཉིན་རྩོམ་པ་པོ་དྷི་ལྷ་ལྡན་ལགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་ལ་བྲིས་པའི་བསྟུན་རྒོལ་ཁྲིམས་གཏུགས་ཞེས་པའི་དཔེ་དེབ་ཀྱི་ནང་དོན་སྐོར་བགྲོ་གླེང་གོ་བསྒྲིགས་ཞུ་རྒྱུ་ཡིན་ལུགས་གསུངས་འདུག
དེ་བཞིན་ཚེས༡༠ཉིན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། ས་གནས་ཡན་ལག་ཁག་གིས་ཀྱང་ལས་འགུལ་སྣ་ཚོགས་སྤེལ་བཞིན་པའི་ཁོངས་སུ་ད་རེས་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོར་སང་ལོ་ལྷ་ས་ནས་མཇལ་ཡོང་ཞེས་བའི་ལས་འགུལ་སྤེལ་འདུག
གསར་འགོད་པ་བསོད་ནམས་ལྷ་མོ་དང་དོན་གྲུབ་རྣམ་རྒྱལ།