མོན་རྟ་དབང་དགོན་པས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་བ།
2015.03.31
མང་ཚོགས་ཁྲོད་ནང་ཆོས་ཀྱི་ཤེས་ཚད་མཐོ་རུ་ཕྱིན་པ་ཡིན་ན་ཐེ་ཚོམ་དང་རྣམ་དོགས་རིགས་ཉུང་རུ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་རེད།
དེ་ཡང་ཕྱི་ཟླ་༣ཚེས་༢༩ཉིན་བཞུགས་སྒར་ཕོ་བྲང་གཟིམ་ཆུང་དུ་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་མཁན་རིན་པོ་ཆེས་དབུ་ཁྲིད་པའི་སློབ་དཔོན་དང་དབུ་མཛད། དགེ་འདུན་པ་༤༥ ཆེད་བཅར་གྱིས་བྱིན་རླབས་གཏེར་ཆེན་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་མཆོད་ཉིན་ལྔའི་རིང་སྦྱིན་སྲེག་དང་བཅས་པ་སྒྲུབ་ཞིང་། འཕགས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་སྐུ་ཚེའི་ཚེ་སྒྲུབ་ཉིན་ལྔའི་རིང་ཐུན་རེ་སྒྲུབ་ཏེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པའི་གྱ་སྟོན་དང་བསྟུན་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་པའི་་རྗེས་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། མོན་རྟ་དབང་དགོན་པའི་ཁུངས་ཀྱི་གྲོང་གསེབ་འདྲ་མིན་དུ་ལྷ་ཁང་ཆུང་ཆུང་ཞིག་ལས་མེད་ཀྱང་ནང་ཆོས་ངོ་སྤྲོད་བྱེད་པ་དང་། ནང་ཆོས་ཀྱི་དཔྱད་པ་བྱེད་རྒྱུ་ཞིག་དང་སློབ་གཉེར་ཐོན་རྒྱུ་ཡོད་པ་ཞིག་གི་ཐོག་ལ་བསམ་བློ་གཏོང་དགོས་པ་རེད། ད་དུང་རྟ་དབང་ཁུལ་གྱི་གྲོང་གསེབ་སོ་སོའི་ནང་ལ་ཡོད་པའི་ལྷ་ཁང་གི་དཀོན་གཉེར་ཚོས་ནང་ཆོས་ངོ་སྤྲོད་བྱ་རྒྱུ་གོ་བསྒྲིགས་བྱེད་ཐུབ་པ་བྱ་རྒྱུ་སེམས་བཅངས་དགོས་པ་དང་། ལྷག་པར་དུ་དགོན་པ་དང་ལྷ་ཁང་སོ་སོས་འགན་འཁུར་ནས་ཚེས་བཟང་དུས་བཟང་ལ་ནང་ཆོས་ངོ་སྤྲོད་བྱ་རྒྱུ་བྱུང་བ་ཡིན་ན། དེ་ཡིས་མང་ཚོགས་ནང་ལ་ནང་ཆོས་ཀྱི་ཤེས་ཚད་མཐོ་རུ་འགྲོ་རྒྱུ་དང་། ནང་ཆོས་ཤེས་ཚད་མཐོ་རུ་ཕྱིན་པ་ཡིན་ན་ཐེ་ཚོམ་དང་རྣམ་དོགས་རིགས་ཉུང་རུ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་རེད། ནང་པ་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ནི་ཇི་ཙམ་གྱིས་སློབ་སྦྱོང་བྱས་པ་དེ་ཙམ་གྱི་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དེ་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཞག་རྩི་ཆགས་བསྡད་ཡོད་པ་ལྟར་ང་ཚོས་དེ་ཉམས་ལེན་དང་ལག་ལེན་ནང་བེད་སྤྱོད་བྱེད་དགོས་ཀྱི་རེད་ཅེས་སོགས་བཀའ་སློབ་སྩལ་ཡོད་པ་རེད།
མོན་རྟ་དབང་དགོན་པ་ནི་ཕྱི་ལོ་༡༦༨༡ལོར་གསར་བཞེངས་མཛད་པ་དང། ༧གོང་ས་སྐུ་ཕྲེང་རིམ་བྱོན་གྱིས་བྱིན་གྱིས་རླབས་ཤིང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༥༩ལོར་མོན་སྤང་ཆེན་བརྒྱུད་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་པའི་སྐབས་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་ཞབས་སོར་འཁོད་དེ་ཆོས་འབྲེལ་བསྩལ་ཡོད་ལ་། དེ་རྗེས་༡༩༨༣ ལོ་དང། ༡༩༩༧ ། ༢༠༠༣ ༢༠༠༩ སོ་སོར་ཆིབས་བསྒྱུར་དང་ཆོས་འབྲེལ་གསུང་ཆོས་བསྩལ་གནང་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།