མོན་དང་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ༧གོང་ས་མཆོག་གིས།
འཕགས་བོད་གཉིས་ཀྱི་ས་མཚམས་སུ་ཆགས་པའི་རྒྱལ་དབང་སྐུ་ཕྲེང་༦པ་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་མོན་རྟ་དབང་ནི། བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤ པ་བསྟན་འཛིན་རྒྱ་མཚོ་མཆོག་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པ་མ་ཟད། ཡུལ་དེའི་ནང་མགོན་པོ་གང་ཉིད་མཆོག་ཐེངས་འགའ་ཤས་ཆིབས་བསྒྱུར་མཛད་དེ་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་དང་། ཆིབས་བསྒྱུར་མཐའ་མ་དེ་སྤྱི་ལོ་༢༠༡༧ ལོར་བསྐྱངས་ཡོད་པ་རེད།
མོན་རྟ་དབང་གི་རླུང་ལ་ཁུལ་དུ་ས་གནས་མི་མང་གི་མངོན་འདོད་ལྟར་མོན་ཡུལ་སྐད་ཡིག་དང་རིག་གཞུང་རྒྱུད་འཛིན་དར་སྤེལ་ཚོགས་པས་རྒྱལ་བའི་ཕོ་བྲང་དང་འགྲེམས་སྟོན་ཁང་ཞིག་གསར་བཞེངས་གནང་བར། ༧གོང་ས་མཆོག་གིས་ཉེ་ལམ་བརྙན་ལམ་བརྒྱུད་དབུ་འབྱེད་མཛད་ཡོད་པ་མ་ཟད། ཉེ་ལམ་༧གོང་ས་མཆོག་གིས་མོན་པའི་སྐུ་ཚབ་ཚོར་དམིགས་བསལ་བཀའ་སློབ་སྩལ་བའི་བརྙན་ཐུང་ཞིག་སྐུའི་འཁྲུངས་སྐར་ཉིན་དང་བསྟུན། འདོན་སྤེལ་གནང་གི་ཡོད་པ་དེའི་ནང་༧གོང་ས་མཆོག་གིས། ༡༩༥༩ལོར་༧གོང་ས་མཆོག་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པའི་སྐབས་མོན་པ་ཚོས་ཁ་ཞེ་གཉིས་མེད་ཀྱིས་ཕེབས་བསུ་དང་དད་པ་དམ་ཚིག་གཡོལ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞུ་ཞོར། མོན་དང་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་། རིག་གཞུང་གི་ཆ་ནས་ཧི་མ་ལ་ཡའི་རི་བརྒྱུད་ཆ་ཚང་བོད་ཀྱི་རིག་གཞུང་དང་གཅིག་གྱུརཡིན་པས། ས་ཁུལ་དེ་དག་ནང་བོད་ཡིག་སློབ་ཁྲིད་གནང་རྒྱུ་གལ་ཆེ་ཞིང་། ལྷག་པར་དུ་སྐད་ཡིག་གཞན་ལ་བརྟེན་མི་དགོས་པར། བཀའ་འགྱུར་བསྟན་འགྱུར་གྱི་གཞུང་དེ་དག་བོད་ཡིག་རྐྱང་པའི་ཐོག་ནས་སློབ་གཉེར་ཐུབ་པ་བྱ་རྒྱུ་གལ་ཆེན་ཡིན་པ་བཀའ་ཕེབས་འདུག
སྤྱི་ལོ་༡༩༥༡ ལོར་རྟ་དབང་དེ་བཞིན་རྒྱ་གར་གྱི་མངའ་ཁུངས་ཆགས་སུ་ཡོད་པ་དང་། འདས་པའི་ལོ་ངོ་མང་པོའི་རིང་མོན་རྟ་དབང་དང་བོད་པ་གཉིས་ཆོས་དང་རིག་གཞུང་ཆ་ཚང་གཅིག་མཚུངས་བྱས་ནས་གནས་བ་ལོ་རྒྱུས་ནང་གསལ་ཡོད་ལ། མོན་རྟ་དབང་དགོན་པ་ནི་ཕྱི་ལོ་༡༦༨༡ལོར་གསར་བཞེངས་མཛད་པ་དང་། ༧གོང་ས་སྐུ་ཕྲེང་རིམ་བྱོན་གྱིས་བྱིན་གྱིས་རླབས་ཤིང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་བ་མཆོག་སྤྱི་ལོ་༡༩༥༩ལོར་མོན་བརྒྱུད་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་པའི་སྐབས་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་དུ་ཞབས་སོར་འཁོད་དེ་ཆོས་འབྲེལ་བསྩལ་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།