བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གོང་གཏུག་ལས་ཀ་འགོ་བཙུགས་ཡོད་འདུག
2018.07.26
བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་རེ་བ་ལྟར་ཁྲིམས་རྩོད་པས་གོང་གཏུག་ལས་ཀ་འགོ་བཙུགས་ཡོད་འདུག
དེ་ཡང་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་དག་འབུད་པ་ལེང་ཞའོ་ཅུན་ལ་འདི་ག་རླུང་འཕྲིན་ཁང་གིས་ཞལ་པར་ཐོག་བཅའ་འདྲི་ཞུས་པའི་སྐབས། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གྱོད་གཞི་འདིར་བསྐྱར་དུ་ཁྲིམས་བཤེར་གཉིས་པ་དགོས་པའི་རེ་འདུན་བཏོན་པ་བཞིན་ཁྲིམས་རྩོད་པས་གྱོད་གཞི་འདིའི་ཐོག་ལས་ཀ་འགོ་བཙུགས་ཟིན་པ་དང་། གཟའ་འཁོར་སྔོན་མ་སྤྱི་ཚེས་༡༩ཉིན་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་ལ་སྐྱོད་པ་གསུངས་ཀྱི་འདུག
ཁྲིམས་བཤེར་གཉིས་པའི་ཆེད་ང་ཚོ་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཐོའི་ཁྲིམས་ཁང་ལ་བསྐྱོད་དེ་ཁྲིམས་དཔོན་ལ་ཐུག་པ་དང་། ད་ལྟ་ཁྲིམས་རྭ་འཚོགས་པའི་དུས་ཚོད་མེད་པ་དང་ཁོང་ཚོས་ཁྲིམས་རྭ་འཚོགས་ཀྱི་ཡོད་མེད་ང་ཚོའི་ངོས་ནས་ཀྱང་ཤེས་ཀྱི་མེད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་ཆེས་མཐོའི་ཁྲིམས་ཁང་ནས་བཀྲ་ཤིས་དབང་ཕྱུག་གི་གྱོད་གཞི་དང་འབྲེལ་བའི་ཡིག་ཆ་ཁག་ཁྲིམས་རྩོད་པར་པར་བཤུས་བྱེད་བཅུག་ཡོད་འདུག་ལ། ཁྲིམས་རྩོད་པ་ལེང་ཞའོ་ཅུན་དང་བཀའ་མོལ་ཞུས་པའི་ནང་ཁྲིམས་བཤེར་གཉིས་པའི་ཐོག་རེ་བ་ག་ཚོད་ཙམ་ཡོད་མེད་སྐོར་གླེང་སྐབས་ཁོང་གིས། གྱོད་གཞི་འདིའི་ཐོག་བཤད་ཁག་པོ་འདུག གང་ཡིན་ཞེ་ན་གྱོད་གཞི་འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་གྱོད་གཞི་ཞིག་རེད་ལ། ཆབ་སྲིད་ཀྱི་གྱོད་གཞི་ཞིག་ཀྱང་ཆགས་ཀྱི་ཡོད། རྒྱ་ནག་ནི་ཁྲིམས་འཛིན་གྱི་རྒྱལ་ཁབ་ཞིག་མིན་དུས་གྱོད་གཞི་དེ་རིགས་མཐར་ཁྲིམས་ལུགས་གཞི་བཟུང་ཐག་གཅོད་བྱེད་པའི་ངེས་པ་མེད་པ་རེད་ཅེས་བསམ་ཚུལ་གསུངས་ཡོད་པ་རེད།
ད་ཐེངས་ཁྲིམས་བཤེར་གཉིས་པ་དགོས་པའི་སྐོར་བཀྲིས་དབང་ཕྱུག་ལགས་རང་ཉིད་ནས་རེ་བ་བཏོན་པ་ཞིག་དང་ཡུལ་ཤུལ་བཙོན་ཁང་དུ་ཡོད་པའི་བཀྲིས་དབང་ཕྱུག་ལགས་ཟླ་བ་སྔོན་མ་ཁོང་གི་ལས་རོགས་ཁྲིམས་རྩོད་པས་ཐུག་འཕྲད་དུ་སྐྱོད་ཡོད་འདུག་ཅིང་།
བཀྲིས་དབང་ཕྱུག་ལགས་ཀྱི་གཟུགས་གཞི་དང་བསམ་པའི་གནས་སྟངས་ཚང་མ་ཡག་པོ་ཡོད་པ་དང་། ད་དུང་བཙོན་ཁང་ནང་སློབ་སྦྱོང་གནང་བཞིན་ཡོད་འདུག
ཡང་ཁྲིམས་བཤེར་གཉིས་པ་དགོས་པའི་རེ་འདུན་བཏོན་ན་ཁྲིམས་ཁང་གིས་དང་ལེན་དགོས་ཀྱི་ཡོད་པ་དང་། ཁྲིམས་རྩོད་པ་ལེང་ཞའོ་ཅུན་གྱིས་བཀྲིས་དབང་ཕྱུག་ལགས་ལ་ཉེས་པ་མེད་པ་བརྗོད་ཀྱི་འདུག་པར་མ་ཟད། འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་ཀྱི་གྱོད་གཞི་ཞིག་དང་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་གི་གནད་དོན་ཞིག་ཡིན་པའི་ཁར། ཆབ་སྲིད་ཀྱི་ཐོབ་ཐང་ཞིག་དང་སྤྱི་འབངས་ཀྱི་ཐོབ་ཐང་། སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཞིག་ཀྱང་ཡིན་པས་བཀྲ་ཤིས་དབང་ཕྱུག་ལ་ཉེས་པ་མེད་པར་ངོས་འཛིན་གནང་གི་ཡོད་པ་གསུངས་ཡོད་པ་རེད།
སྤྱི་ལོ་༢༠༡༥ལོར་ཨ་རིའི་ནིའུ་ཡོག་དུས་བབ་ཀྱི་བཅའ་འདྲིར་བཀྲིས་དབང་ཕྱུག་ལགས་ཀྱིས་དང་ལེན་གནང་སྟེ་བོད་ཀྱི་ས་ཁུལ་དུ་བོད་ཀྱི་སྐད་ཡིག་སློབ་གསོ་དགོས་པའི་འབོད་སྐུལ་གནང་བའི་དབང་གིས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ལྔ་པའི་ནང་བཀྲ་ཤིས་དབང་ཕྱུག་ལགས་སུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱས་པའི་ཉེས་བཙུགས་འོག་ལོ་ལྔའི་ཁྲིམས་བཅད་བཏང་སྟེ་ད་ལྟ་ཡུལ་ཤུལ་བཙོན་ཁང་ནང་གནས་མུས་ཡིན་པ་རེད།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག