བཀྲ་ཤིས་དབང་ཕྱུག་ལ་རྩ་ཁྲིམས་ནང་གསལ་ལྟར་དྲང་བདེན་གནང་དགོས།
2018.01.04

སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱ་ནག་གིས་ཁྲིམས་བཤེར་བྱས་བར་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཀྱིས་སྐྱོན་བརྗོད་བྱས་འདུག
དེ་ཡང་༢༠༡༦ ་ཟླ་ ༡ ་ཚེས་ ༢༧་ནས་བཟུང་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་འོག་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱ་ནག་གཞུང་གི་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡ ་ཚེས་ ༤ ་ཉིན་ཁྲིམས་བཤེར་ཐག་གཅོད་བྱ་རྒྱུའི་དུས་ཚོད་གཏན་འཁེལ་བྱས་པའི་གོང་དེར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀྲིས་དབང་ཕྱུག་ལགས་ཀྱི་ཐོག་ཐུགས་འཚབ་གསལ་བཏོན་དང་འབྲེལ་ཁོང་ཐོག་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་ལྟར་དྲང་བདེན་གྱི་ལམ་ནས་ཐག་གཅོད་ཡོང་དགོས་པའི་རེ་འདུན་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་གསུངས་ན། རྒྱ་ནག་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཐོག་དྲང་བདེན་གྱིས་ཁྲིམས་ཐག་གཅོད་མིན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་རྩ་ཁྲིམས་ནང་གསལ་གྱི་དོན་ཚན་ཁག་ལ་བརྩི་སྲུང་བྱ་མིན་ལ་རག་ལུས་པ་ཞིག་རེད་ཅེས་གསུངས་འདུག
དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། པན་ཨ་མི་རི་ཀ་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ནས་བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་བྱས་པ་དེ་དག་མཚམས་འཇོག་གིས་མགྱོགས་མྱུར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་གློད་གྲོལ་གཏོང་དགོས་
པའི་འབོད་སྐུལ་རྒྱ་ནག་གཞུང་ལ་གནང་ཡོད་པ་རེད།
ལྷག་པར་དུ་འདི་ཚེས་༤་ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཤར་ཨེ་ཤི་ཡ་ཚན་པའི་ཞིབ་འཇུག་ངེས་སྟོན་པ་(Roseann Rife)ཡིས། བཀྲིས་དབང་ཕྱུག་ལགས་ཀྱིས་གསར་ལམ་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་ཙམ་གྱིས་རྒྱ་གཞུང་ནས་ཁོང་ལ་ལོ་༡༥་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཏོང་སྲིད་པ་དེ་ནི་དྲང་བདེན་མ་ཡིན་པའི་དངངས་འཚབ་བསྐྱེད་གཞིའི་གནད་དོན་ཞིག་ཡིན་པར་སོང་བཀྲིས་དབང་ཕྱུག་ལགས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་གསུངས་འདུག
དེ་བཞིན་(PEN)་ཨ་མི་རི་ཀ་ཚོགས་པས། བཀྲིས་དབང་ཕྱུག་ལགས་ཀྱིས་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་བ་དེ་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་ངོས་འཛིན་བྱས་པ་དང་། ཞི་བའི་ལས་འགུལ་ལ་ནག་ཉེས་ཚབས་ཆེར་བརྩིས་པའི་ཐག་གཅོད་དེ་འོས་འཚམ་ཞིག་མིན་པའི་སྐྱོན་བརྗོད་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།