སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་བཤེར་བྱས་ཀྱང་ཐག་ཆོད་མི་འདུག
2018.01.04
བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་རྩོད་ལེན་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་ལགས་སུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་བཏང་པའི་ཉེས་མིང་འོག་ཁྲིམས་བཤེར་འགོ་འཛུགས་བྱས་འདུག
དེ་ཡང་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་(Liang Xiaojun)་ གིས་ཨེ་པི་གསར་ལས་ཁང་ལ་གསུངས་ན། རེས་གཟའ་ཕུར་བུའི་ཉིན་མཚོ་སྔོན་ཞིང་ཆེན་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་བཀྲིས་དབང་ཕྱུག་ལགས་ཀྱི་གྱོད་གཞིའི་གནད་དོན་ཐོག་དུས་ཡུན་ཚོུད་བཞིའི་རིང་ཉན་ཞིབ་བྱས་རྗེས། ད་ལྟའི་ཆར་དུས་ཚོད་ངེས་མེད་ཞིག་གི་ཐོག་མཐའ་མའི་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་གསུངས་ནས་ཁྲིམས་བཤེར་མཚམས་འཇོག་བྱས་འདུག་ལ་སྐབས་དེར་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ནང་མི་སྤུན་མཆེད་ཚོས་ཁྲིམས་ཁང་ཕྱི་ན་སྒུག་ཡོད་འདུག
དགུང་ལོ་ ༣༢ ་ལ་སོན་པའི་བཀྲ་ཤིས་དབང་ཕྱུག་ལགས་ནས་རྒྱ་ནག་གཞུང་གི་ཁྲིམས་ཐོག་སྐྱོན་འཛུགས་ལ་ངོས་ལེན་བྱས་མེད་པ་དང་། གལ་ཏེ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་ཐོག་ནས་ནག་ཉེས་ར་སྤྲོད་འབྱུང་ཚེ་ལོ་ངོ་༥་ནས་༡༥ ་བར་གྱི་བཙོན་དུས་ཁྲིམས་ཆད་ཕོག་སྲིད་པ་ཡིན་ལུགས་ཁོང་གི་ཁྲིམས་རྩོད་པས་གསལ་བཏོན་གནང་འདུག
ཡང་ཁྲིམས་ཁང་ནང་ཁྲིམས་བཤེར་གྱི་བརྒྱུད་རིམ་ཁྲོད་རྒྱ་གཞུང་གི་ཁྲིམས་རྩོད་པས་དེ་སྔོན་༢༠༡༥་ལོར་བཀྲིས་དབང་ཕྱུག་ལགས་ནས་ཨ་རིའི་ནིའུ་ཡོཀ་དུས་བབ་(New York Times)་ གསར་ཤོག་གི་བརྙན་འཕྲིན་ལས་རིམ་ཐོག་དུས་ཡུན་སྐར་མ་༩་བཅར་འདྲི་བྱས་པའི་ནང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་ཆེད་ཁོང་ནས་ས་གནས་རྒྱ་ནག་གཞུང་གི་དཔོན་རིག་དང་འབྲེལ་ཡོད་ལས་བྱེད་སོགས་ཇི་ལྟར་ཁྲིམས་ཐོག་སྐྱེལ་ཐབས་བྱས་ཡོད་ལུགས་བརྗོད་པའི་བཀའ་མོལ་དེ་དག་དཔང་རྟགས་ཚུལ་དུ་ངོ་སྤྲོད་བྱས་ཡོད་པ་དང་། ཡང་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པའི་ངོས་ནས་དངོས་བྱུང་བརྙན་པར་ཐོག་སྐད་ཆ་བཤད་པ་ནི་རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་ཞིག་ཆགས་ཀྱི་མེད་པའི་སྐོར་བདེན་དཔང་གསལ་བཤད་བྱ་རྒྱུའི་གོ་སྐབས་དང་དུས་ཚོད་ལྷོད་པོ་བྱུང་ཞེས་གསུངས་གནང་འདུག
བཀྲིས་དབང་ཕྱུག་གི་ཁྲིམས་རྩོད་པས་འཕྲུལ་སྒྲ་དྲ་ཚིགས་ཐོག་བརྗོད་པར། ཚོུད་བཞི་ཙམ་རིང་ཁྲིམས་རྭ་ཚོགས་པ་བརྒྱུད་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་གྱོད་གཞི་འདི་མཇུག་བསྒྲིལ་བ་དང་། ཁྲིམས་ཁང་ནས་ཁྲིམས་རྭ་མཚམས་འཇོག་བྱས་ཏེ་གནས་སྟངས་ལ་གཞིགས་པའི་ཐག་གཅོད་བྱ་རྒྱུ་བརྗོད་འདུག ནིའུ་ཡོག་དུས་བབ་ཀྱི་བརྙན་པར་དེ་ཁྲིམས་རྭའི་ནང་སྟོན་པ་དང་དངོས་བཤུས་བརྙན་པར་འདི་དཔང་རྟགས་བྱས་པ་བརྗོད་འདུག
ད་དུང་བརྗོད་པར། ཕྱོགས་གཉིས་ཀྱིས་དག་འབུད་བྱས་ཤིང་། བཀྲིས་དབང་ཕྱུག་གིས་ལྟ་ཚུལ་འགྲེལ་བརྗོད་བྱས་པ་དང་། ཁྲིམས་རྭ་རྒྱ་སྐད་ཐོག་ནས་ཚོགས་ཡོད་པས། བཀྲིས་དབང་ཕྱུག་གིས་གནས་ཚུལ་ཁ་གསལ་ཞིང་ལྟ་བ་གསལ་པོ་བཏོན་ཡོད་འདུག
ཡང་ཁོང་གིས་མི་མང་པོས་བཀྲིས་དབང་ཕྱུག་གི་མཐའ་མའི་ཐག་གཅོད་ལ་དོ་སྣང་བྱེད་ཀྱི་ཡོད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ངས་ཚོད་དཔག་བྱེད་ཀྱི་མིན། གང་ཡིན་ཞེ་ན། ཁོང་ལ་ནག་ཉེས་མེད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ཁྲིམས་རྭའི་ནང་མང་ཆེ་བ་བོད་པ་རེད་འདུག དག་འབུད་ཁ་སྣོན་གྱི་བརྒྱུད་རིམ་ནང་ངས་བརྗོད་དོན་ལ། བོད་མི་རིགས་ཀྱི་ངོས་ནས་ཞུས་ན་ང་ནི་ཕྱི་མི་ཞིག་རེད། ཡིན་ནའི་ང་དང་མི་མང་པོས་བོད་ཀྱི་རིག་གཞུང་ལ་དགའ་པོ་ཡོད་པས་བོད་ཀྱི་རིག་གཞུང་འདི་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་བཞིན་ཉམ་རྒུད་མི་འགྲོ་བའི་རེ་བ་ཡོད་པ་དང་། ཁྱེད་ཚོས་ཕུལ་བྱུང་གི་བོད་པའི་གཞོན་སྐྱེས་ཤིག་གི་ལྷག་བསམ་ལ་བསམ་ཤེས་ཡོང་བའི་རེ་བ་ཡོད་ཅེས་བཀྲས་དབང་ཕྱུག་གི་ཁྲིམས་རྩོད་པས་ཁྲིམས་རྭར་བརྗོད་འདུག
བཀྲིས་དབང་ཕྱུག་ལགས་ཀྱིས་ ༢༠༡༥ ་ལོར་ནེའུ་ཡོག་དུས་བབ་ཀྱི་པེ་ཅིང་གི་གསར་འགོད་པའི་བརྙན་འཕྲིན་བཅར་འདྲི་བྱས་པའི་ནང་། བོད་ཀྱི་སྐད་ཡིག་སློབ་གསོའི་གནས་སྟངས་ཧ་ཅང་ཞན་པོ་དང་། དེ་དག་སྲུང་སྐྱོབ་བྱ་གལ་ཆེ་བའི་དགོངས་ཚུལ་ཤུགས་ཆེ་གསུངས་པའི་རྗེས་ ༢༠༡༦ ཟླ ༡ ཚེས ༢༧ ཉིན་ ཡུལ་ཤུལ་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་ཉར་བྱས་ཏེ་ད་ལྟ་ལོ་ངོ་གཉིས་ཙམ་ཕྱིན་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།