པན་ཆེན་རིན་པོ་ཆེའི་དྲན་གསོའི་སྐུ་ཐང་དང་འགྲེམས་སྟོན་སྐོར།
2009.12.28
༄༅༎གདན་ས་ཆེན་པོ་བཀྲིས་ལྷུན་པོ་དང་པན་ཆེན་རིན་པོ་ཆེ་དབུས་ལྷན་ཚོགས་གཉིས་ཀྱིས་པན་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པ་མཆོག་གི་དྲན་གསོའི་སྐུ་ཐང་དང་དཔར་གྱི་འགྲེམས་སྟོན་ཞིག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་ཡོད་པ་རེད་ པན་ཆེན་རིན་པོ་ཆེ་སྐུ་ཐོག་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་གོ་སྒྲིག་གནང་བའི་སྐུ་དཔར་དང་སྐུ་ཐང་གི་འགྲེམས་སྟོན་དེ་བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས་དང་བཀྲིས་ལྷུན་པོ་དགོན་པའི་མཁན་པོ་ཀ་ཆེན་བློ་བཟང་ཚེ་བརྟན་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད་
ཉིན་ལྔ་རིང་གནང་རྒྱུའི་འགྲེམས་སྟོན་དེའི་དམིགས་ཡུལ་ནི་པན་ཆེན་རིན་པོ་ཆེ་སྐུ་ཐོག་བཅུ་པ་མཆོག་གིས་སྐུ་ཚེའི་རིང་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་སྐྱོན་གནང་ཡོད་པ་དང་རྒྱའི་བཙན་གནོན་འོག་ཡང་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབས་གནང་རྒྱུའི་ཐོག་སྐུ་ངལ་འཛེམས་མེད་གནང་ཡོད་པ་རེད་ཅེས་པན་ཆེན་རིན་པོ་ཆེ་དབུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བློ་བཟང་རྡོ་རྗེ་ལགས་ཀྱིས་གསུངས་འདུག ཡང་ཁོང་གིས་ད་ཐེངས་ཀྱི་འགྲེམས་སྟོན་དེའི་དམིགས་ཡུལ་ནི་མང་ཚོགས་ཐོག་པན་ཆེན་རིན་པོ་ཆེ་སྐུ་ཐོག་བཅུ་གཅིག་པའི་གནད་དོན་དེ་གོ་རྟོགས་སྤེལ་ནས་གང་ཉིད་རྒྱའི་བཙན་འོག་ནས་གློད་འགྲོལ་ཡོང་རྒྱུར་རྒྱབ་སྐྱོར་ཐོབ་རྒྱུའི་ཆེད་དམིགས་པ་ཡིན་སྐོར་གསུངས་འདུག
ད་ཐེངས་ཀྱི་པན་ཆེན་རིན་པོ་ཆེ་སྐུ་ཐོག་བཅུ་པའི་དྲན་གསོའི་འགྲེམས་སྟོན་དེར་སྐུ་དཔར་དང་སྐུ་ཐང་གྲངས་ཉིས་བརྒྱ་ལྷག་འགྲེམས་སྟོན་གནང་ཡོད་པ་རེད་
གོང་ཞུས་དུས་དྲན་དང་འབྲེལ་བའི་ཐོག་གདན་ས་ཆེན་པོ་བཀྲིས་ལྷུན་པོ་དང་པན་ཆེན་རིན་པོ་ཆེ་དབུས་ལྷན་ཚོགས་ཀྱིས་ཕྱི་ཚེས་སུམ་ཅུ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཏན་བཞུགས་ཞིག་འབུལ་རྒྱུའི་མཛད་འཆར་ཡོད་པ་དང་ཕྱི་ཚེས་སུམ་ཅུ་སོ་གཅིག་ཉིན་རོལ་དབྱངས་ཀྱི་འདུ་ཚོགས་ཤིག་ཀྱང་གནང་གཏན་འཁེལ་ཡོད་པ་རེད་༎