བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད།
2017.05.28

༄༅༎ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་གནང་སྟེ་དོན་གཅོད་ལས་ཁང་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། ནང་ཆོས་ དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སོགས་ཀྱི་ངོ་སྤྲོད་ལྷན་ཚོགས་ཤིག་ཁ་ས་ཚོགས་གནང་བཞག དེ་ཡང་ཁ་ས་རེས་གཟའ་སྤེན་པའི་ཉིན་ བོད་ཀྱི་ནང་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་གནང་མཁན་རུ་ཁག་ཞིག་གིས་བོད་ཀྱི་ངོ་སྤྲོད་བསྡུ་འཛོམས་ཐོག་མཉམ་ཞུགས་གནང་ཡོད་པ་དང་། ཉི་ཧོང་གི་བོད་གནས་མཁས་པ་ལྕམ་Dr. Ishihama Yumiko ལགས་ཀྱིས་བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་སྐུ་དུས་སུ་བོད་ནང་ནང་ཆོས་དར་སྤེལ་བྱུང་སྟངས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ དེ་བཞིན་བོད་ཀྱི་རིག་གཞུང་དང་ནང་ཆོས་ཉི་ཧོང་ནང་དར་ཁྱབ་བྱུང་སྟངས་དང་། རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་བོད་ཀྱི་ས་བབ་ཆགས་ཡུལ་དང་ཆབ་སྲིད་ཀྱི་གནས་སྟངས་ བཙན་བྱོལ་ནང་གི་བོད་མིའི་གནས་སྟངས་སོགས་ཀྱི་ངོ་སྤྲོད་གསུངས་བཤད་གནང་བཞག།གསར་འགོད་པ་ཚེ་དབང་དངོས་གྲུབ།