སློབ་ཕྲུག་༡༥༠ཙམ་བསད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གནང་།
2014.12.17

སློབ་ཕྲུག་གཙོ་བའི་མི་གྲངས་༡༥༠ཙམ་བསད་པའི་བྱ་སྤྱོད་ལ་འཛམ་གླིང་གི་དབུ་ཁྲིད་རྣམ་པས་སྐྱོན་བརྗོད་དྲག་པོ་གནང་འདུག
ཏ་ལི་པན་དྲག་སྤྱོད་ཚོགས་པས་ཁེ་ས་པ་ཀིས་ཐན་གྱི་གྲོང་ཁྱེར་Peshawar ནང་གི་སློབ་གྲ་ཞིག་ལ་གཏོར་རྒོལ་ཚབས་ཆེ་བཏང་སྟེ་མང་ཆེ་བ་སློབ་ཕྲུག་ཡིན་པའི་མི་གྲངས་༡༥༠་ཙམ་བསད་པ་དེར་འཛམ་གླིང་གི་དབུ་ཁྲིད་རྣམས་ནས་དེ་ནི་རྫབ་ཆེན་དང་འཇིགས་སྣང་དངངས་སྐྲག་སྐྱེས་གཞིའི་བྱེད་སྒོ་ཡིན་ལུགས་འགྲེལ་བརྗོད་གནང་སྟེ་སྐྱོན་བརྗོད་དྲག་པོ་གནང་འདུག་ དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་དྲག་སྤྱོད་པས་སློབ་ཕྲུག་དང་དགེ་རྒན་ཚོར་དམིགས་ཚད་བཟུང་ནས་གཏོར་རྒོལ་བཏང་བ་དེ་ནི་རྫབ་ཆེ་བའི་བྱེད་སྒོ་ཡིན་པ་དང་། དྲག་སྤྱོད་པ་ཚོས་རང་ཉིད་ངན་པ་ལངས་ཤོར་གྱི་སྤྱོད་ངན་ཡང་བསྐྱར་ཕྱིར་གསལ་བཏོན་པ་ཡིན་ལུགས་དང་། པ་ཀིསུ་ཐན་གྱིས་ཡུལ་དེའི་ནང་བལྟ་བ་མཐར་ལྷུང་ཅན་གྱི་དྲག་སྤྱོད་འཚེ་བའི་ལས་ལ་འཐབ་རྩོད་བྱེད་བཞིན་པར་ཨ་མི་རི་ཀས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག དེ་བཞིན་འདི་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཉིས་ཀྱི་ནང་ནས་པ་ཀིསུ་ཐན་གྱི་བོུ་ན་གཞོན་Malala Yousafzaiལགས་ཀྱིས་ད་རེས་སློབ་ཕྲུག་མང་པོ་བསད་པའི་གནས་ཚུལ་ཐོས་བ་དང་ཁོ་མོ་དྲན་མེད་བརྒྱལ་ཡོད་པ་དང་། མྱུར་སྐྱོབ་རྗེས་ཁོ་མོས་ད་རེས་དྲག་སྤྱོད་པས་ཚོར་བ་མེད་པ་དང་། ཡ་ང་སྙིང་རྗེ་རྩ་བ་ནས་མེད་པར་སློབ་ཕྲུག་གཙོས་པའི་མི་མང་པོ་དམར་བསད་བཏང་བ་དེས་ཁོང་སེམས་ཧ་ཅང་ཕམ་པོ་བྱུང་སྐོར་གསུངས་འདུག
ད་རེས་པ་ཀིས་ཐན་གྱི་གྲོང་ཁྱེར་Peshawar ནང་གི་སློབ་གྲ་ཞིག་ལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བ་དེ་ནི་གཏོར་རྒོལ་ཚབས་ཆེ་ཤོས་ཤིག་ཡིན་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་Ban Ki Moonམཆོག་གིས་ཉེས་མེད་དང་སྲུང་སྐྱོབ་བྱེད་མ་ཐུབ་པའི་པ་ཀིས་ཐན་གྱི་སློབ་ཕྲུག་རྣམས་རང་གི་འཛིན་གྲའི་ནང་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་དྲག་སྤྱོད་པས་གཏོར་རྒོལ་བཏང་བ་དེ་ནི་འཇིགས་སྣང་ཆེ་བ་དང་། ཁུམ་པའི་བྱ་སྤྱོད་གཅིག་ཡིན་ལུགས་འགྲེལ་བརྗོད་གནང་སྟེ་སྐྱོན་བརྗོད་གནང་འདུག རྒྱ་གར་གྱི་སྲིད་བློན་དང་Turkeyའི་སྲིད་བློན་ཨི་ཀྲ་ལིའི་ཕྱི་སྲིད་བློན་ཆེན་སོགས་ཆེས་མཐོའི་མི་སྣ་ཁག་ཀྱང་སྐྱོན་བརྗོད་དྲག་པོ་གནང་འདུག
དེ་བཞིན་ཡང་འདས་པའི་ཟླ་བ་བཞི་ཙམ་ནས་བཟུང་པ་ཀིསུ་ཐན་ནང་སྐུ་ཞབས་Imran Khan གྱིས་དབུ་འཁྲིད་པའི་Tehreek-e-Insaf ཚོགས་པས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཀྱང༌། འདི་ཚེས་ ༡༦ ཉིན་ཏྭ་ལི་པན་འཇིགས་སྐུལ་དྲག་སྤྱོད་པས་ཡུལ་དེའི་ནུབ་བྱང་Peshawarགྲོང་ཁྱེར་གྱི་སློབ་གྲ་ཞིག་ནང་གང་བྱུང་མེ་མདའ་རྒྱབ་ཏེ་སློབ་ཕྲུག་མང་པོ་བསད་པའི་གནས་ཚུལ་བྱུང་བར་བརྟེན། ངོ་རྒོལ་ལས་འགུལ་མཚམས་འཇོག་བྱས་འདུག
གསར་འགོད་པ་བསོད་ནམས་ལྷ་མོ་དང་ངག་ཆོས།