ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་ལི་ལ་ལྐོག་ཟའི་ཉེས་བཙུཌ
2011.07.01
༄༅༎ད་རེས་ཕྱི་ཟླ་དྲུག་པའི་ཚེས་༣༠ཉིན་ཐའེ་ལྦན་ཁྲིམས་ཞིབ་ལས་ཁང་གི་དམིགས་བསལ་བརྟག་དཔྱད་ཚོགས་ཆུང་གིས་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལིའི་ཏང་ཧུད་ཀྱིས་སྲིད་འཛིན་ཐུགས་འགན་བཞེས་པའི་རིང་ གཞུང་གི་དངུལ་འཕོན་ཆེ་ལྐོག་ཟ་བྱས་པ་ཉེས་བཙུགས་བྱས་ནས་ཁྲིམས་གཏུགས་བྱས་ཡོད་པའི་གནད་དོན་ཐོག་ དེ་རིང་གཟའ་པ་སངས་ཉིན་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ ཁོང་དང་སྲིད་འཛིན་ཟུར་པ་ལིའི་ཏང་ཧུད་ཁྲིམས་གཏུགས་ཀྱི་གྱོད་དོན་དབར་འབྲེལ་བ་མེད་ལུགས་གསལ་བཤད་གནང་ཡོད་པ་རེད་
ད་ལོ་དགུང་གྲངས་༨༨ལ་ཕེབས་ཀྱི་ཡོད་པའི་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལིའི་ཏང་ཧུད་ལ་ཐའེ་ལྦན་ཁྲིམས་ཞིབ་ལས་ཁང་གིས་གཞུང་གི་མ་དངུལ་ལྐོག་ཟ་བྱས་པའི་དོན་གྱོན་ཐོག་ཁྲིམས་གཏུགས་བྱས་པ་ ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་ ཐའེ་ལྦན་ཁྲིམས་ཞིབ་ལས་ཁང་གིས་གཟའ་ཕུར་བུའི་ཉིན་སྲིད་འཛིན་ཟུར་པ་ལིའི་ཏང་ཧུད་ཀྱིས་ཕྱི་ལོ་༡༩༨༨ནས་ཕྱི་ལོ་༢༠༠༠ལོའི་བར་སྲིད་འཛིན་གྱི་ཐུགས་འགན་བཞེས་རིང་ གཞུང་གི་མ་དངུལ་ཨ་སྒོར་ས་ཡ་བདུན་དང་གྲངས་ཆུང་བདུན་ཅུ་དོན་དགུ་ཙམ་ལྐོག་ཟ་བྱས་ལུགས་ཉེས་བཙུགས་ཀྱིས་དངོས་སུ་ཁྲིམས་གཏུགས་བྱས་ཡོད་པ་དང་ སྲིད་འཛིན་ཟུར་པ་ལིའི་ཏང་ཧུད་ཀྱིས་ཉེས་བཙུགས་ལ་ཁས་ལེན་གནང་མེད་པ་མ་ཟད་ ཁོང་ལ་རྒྱབ་སྐྱོར་ཞུ་མཁན་ཚོས་ལས་ཐོག་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་སྲིད་འཛིན་འོས་འདེམས་ནང་བསྐྱར་དུ་རྒྱལ་ཁ་འཐོབ་རྒྱུའི་ཆེད་ སྲིད་འཛིན་ཟུར་པ་ལིའི་ཏང་ཧུད་ཀྱིས་ལྐོག་དངུལ་ཟས་ལུགས་ཁྲིམས་གཏུགས་གྱོད་དོན་དེའི་རྒྱབ་ཇུས་བཏོན་མཁན་དེ་ཡིན་པའི་སྐྱོན་བཙུགས་བྱེད་ཀྱི་ཡོད་པར་བརྟེན་དེ་རིང་གཟའ་པ་སངས་ཉིན་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ ཁོང་ནས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་ནང་ཁྲིམས་ལུགས་རང་དབང་ལ་ཐེ་བྱུས་བྱས་པའི་གནས་ཚུལ་མེད་པ་མ་ཟད་ ཁྲིམས་ཞིབ་གྱོད་དོན་གཅིག་གི་ཐོག་ལ་ཡང་ཐེ་བྱུས་བྱེད་མྱོང་མེད་ལུགས་གསལ་སྟོན་གནང་ཏེ་ ད་རེས་སྲིད་འཛིན་ཟུར་པ་ལིའི་ཏང་ཧུད་ཀྱི་ལྐོག་དངུལ་ཟས་པའི་གྱོད་དོན་བཏོན་དགོས་དོན་དེ་ སྲིད་འཛིན་མའ་དབྱིང་ཇུའི་ཡིས་འོས་འདེམས་ཀྱི་ཆེད་ཡིན་པའི་ཕྱོགས་འགལ་ཚོགས་པའི་སྐྱོན་བརྗོད་ལ་བདེན་པ་གང་ཡང་མེད་ལུགས་གསུང་ཡོད་འདུག