ཨོ་སྦ་མའི་རྒྱ་ནག་གི་འཚམས་གཟིཌ་ཐོག་ཐེ་ལྦན་སེམས་ཁྲལ་མེད།
2009.11.15
༄༅༎ཐེ་ལྦན་ཕྱོགས་ནས་ད་རེས་ཨ་མེ་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་དེར་སེམས་ཁྲལ་མེད་པའི་སྐོར་གསུངས་ཡོད་པ་དང་ཡིན་ནའང་ཐེ་ལྦན་གྱི་བློན་ཆེན་ལྷན་ཁང་གིས་ཨོ་སྦ་མ་ཡི་རྒྱ་ནག་གི་འཚམས་འདྲིའི་རིང་ལ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་ཕྱོགས་ནས་ཐེ་ལྦན་གྱི་གནད་དོན་སྐོར་གླེང་སློང་བྱེད་རྒྱུ་ཡིན་པ་དེའི་ཐོག་དོ་སྣང་དང་བལྟ་ཞིབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་ཐེ་ལྦན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧེན་རི་ཁྲེན་གྱིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་བརྗོད་དོན་ལ་ང་ཚོ་ཐེ་ལྦན་ཕྱི་སྲིད་ལྷན་ཁང་གིས་སྲིད་འཛིན་ཨོ་སྦ་མ་ཡི་རྒྱ་ནག་གི་འཚམས་འདྲིའི་ཐོག་ལ་ཞིབ་ཚབས་ཀྱི་བལྟ་ཞིབ་བྱ་རྒྱུ་ཡིན། ཡིན་ནའང་ང་ཚོའི་ངོས་ནས་རྒྱ་ནག་དང་ཐེ་ལྦན་མཚོ་ཁག་གཉིས་བར་གྱི་ཛ་དྲག་གི་འབྲེལ་ལམ་ཐོག་ལ་སྲིད་འཛིན་ཨོ་སྦ་མ་དང་ཧུའུ་ཇིན་ཐའོ་བཀའ་མོལ་གནང་སྟེ་ཧ་སང་དགོས་པའི་འགྱུར་ལྡོག་གི་འབྲས་བུ་ཞིག་ཡོང་གི་རེད་བསམ་པའི་རེ་བ་བྱེད་ཀྱི་མེད་ཅེས་གསུངས་ཡོད་པ་རེད། ཐེ་ལྦན་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དེ་སྔ་སྲིད་འཛིན་ཟུར་པ་སྐུ་ཞབས་ཁྲེན་ཧྲུའུ་བེན་གྱིས་གཞུང་འཛིན་གནང་བའི་མི་ལོ་བརྒྱད་དེའི་རིང་ལ་ཐེ་ལྦན་རང་བཙན་ཐོག་བསྐྱོད་རྒྱུའི་སྲིད་ཇུས་འཛིན་པར་བརྟེན་ནས་ཛ་དྲག་ཁོ་ནར་གནས་པའི་རྗེས་ན་ནིང་གོ་མིང་ཏང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཏེ་མཱ་དབྱིང་ཅུ་ཡིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་དང་ཐེ་ལྦན་མཚོ་ཁའི་འབྲེལ་ལམ་ཡར་རྒྱས་ཕྱིན་པའི་རྣམ་པ་ཡོད་ཀྱང་ཐེ་ལྦན་གཞུང་གིས་ཐེ་ལྦན་དང་རྒྱ་ནག་བར་གྱི་ཛ་དྲག་གི་འབྲེལ་ལམ་དེ་ཞི་འཇམ་དུ་གཏོང་ཐུབ་པ་ཡིན་ཚེ་དེའི་ནང་དུ་ཐེ་ལྦན་དང་རྒྱ་ནག ཨ་མེ་རི་ཀ་གསུམ་ཀར་ཁེ་ཕན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།