ཐེ་ལྦན་སྲིད་འཛིན་གྱི་སྐུ་ཟླ་ར་ཤི་ཡར་གཟིགས་སྐོར་དུ་ཕེབས་རྒྱུ།
2010.06.06
༄༅༎ཨེ་ཨེཕ་པི་གནས་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ ཐེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུ་ཡི་སྐུ་ཟླ་ཁྲོ་མེའི་ཁྲིང་ཡུལ་དེའི་ཟློས་གསར་འཁྲབ་སྟོན་གྱི་རུ་ཁག་གི་འགན་འཛིན་གྱི་མཚན་ཐོག་ནས་རེས་གཟའ་མིག་དམར་ཉིན་ར་ཤི་ཡང་ཕྱོགས་བསྐྱོད་གནང་གི་ཡོད་ལུགས་སྲིད་འཛིན་གྱི་ལས་ཁུངས་ཀྱི་མགྲིན་ཚབ་པ་ལུ་ཁྲི་ཁྲང་གིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག མགྲིན་ཚབ་པས་ རྒྱ་ནག་གིས་སྐྱོན་བརྗོད་གཡོལ་ཐབས་ཆེད་སྲིད་འཛིན་གྱི་སྐུ་ཟླའི་གཟིགས་སྐོར་འདི་རྒྱུ་རྩལ་དང་རིག་གཞུང་ཁོ་ནའི་གཟིགས་སྐོར་མ་གཏོགས་དེ་མིན་གྱི་གནད་འགག་གང་ཡང་མེད་ལུགས་གསལ་བཤད་གནང་འདུག འོན་ཀྱང་ས་གནས་ཀྱི་བརྒྱུད་ལམ་ཁག་གིས་སྲིད་འཛིན་གྱི་སྐུ་ཟླས་ར་ཤི་ཡའི་དཔོན་རིགས་ཁག་ཅིག་མཇལ་འཕྲད་གནང་འཆར་ཡོད་པ་དང་དེའི་ཐོག་ནས་ཡུལ་གཉིས་དབར་གཞུང་འབྲེལ་གྱི་ལམ་དུ་གསར་གཏོད་ཡོང་རྒྱུར་ཚོད་དཔགས་བྱེད་ཀྱི་ཡོད་འདུག རྒྱ་ནག་གིས་ཐེ་ལྦན་དང་ཕྱིའི་རྒྱལ་ཁབ་དང་ཐད་ཀར་འབྲེལ་ལམ་བྱེད་རྒྱུར་བཀག་འགོག་བྱེད་མུས་ཀྱང་སྲིད་འཛིན་མ་ཡིང་ཇུ་ཡི་གཞུང་འཛིན་སླེབས་པའི་རྗེས་སུ་ཐེ་ལྦན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ཅིག་ང་འབྲེལ་ལམ་བྱེད་ཕྱོགས་ཐད་གུ་ཡངས་ཀྱི་སྲིད་བྱུས་འཛིན་ཡོད་རེད་ འོན་ཀྱང་འདི་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཇིན་པིང་ར་ཤི་ཡར་གཟིགས་སྐོར་དུ་བསྐྱོད་སྐབས་ར་ཤི་ཡའི་སྲིད་བློན་ལྦ་ལ་རྡི་མིར་པུཊིན་གྱིས་ར་ཤི་ཡས་རྒྱ་ནག་གི་ཐེ་ལྦན་ཐོག་འཛིན་པའི་སྲིད་བྱུས་ངོས་འཛིན་གནང་གི་ཡོད་ལུགས་གསུངས་ཡོད་རེད༎