གཞུང་འབྲེལ་འབྲེལ་ལམ་གྱི་བཀག་རྒྱ་དོར་རྗེས་ཨ་རི་དང་ཐའེ་ཝན་བར་གཞུང་འབྲེལ་ཐུག་འཕྲད་ཐོག་མ།

2021.01.12
གཞུང་འབྲེལ་འབྲེལ་ལམ་གྱི་བཀག་རྒྱ་དོར་རྗེས་ཨ་རི་དང་ཐའེ་ཝན་བར་གཞུང་འབྲེལ་ཐུག་འཕྲད་ཐོག་མ། ནེདྷར་ལེན་ཌེའི་(Netherlands)་ནང་གི་ཨ་མི་རི་ཀའི་གཞུང་ཚབ་དང་ཐེ་ཝན་གྱི་སྐུ་ཚབ་བར་གཞུང་འབྲེལ་ཐུག་འཕྲད། ༠༡།༡༢།༢༠༢༡
twitter/usambnl

ཨ་མི་རི་ཀས་ཐའེ་ཝན་དང་གཞུང་འབྲེལ་འབྲེལ་ལམ་གྱི་བཀག་རྒྱ་དོར་རྗེས་ཨ་རི་དང་ཐའེ་ཝན་བར་གཞུང་འབྲེལ་ཐུག་འཕྲད་ཐོག་མ་ནེདྷར་ལེན་ཌེའི་ནང་གནང་འདུག
ཨ་རི་གཞུང་གིས་ཐའེ་ཝན་དང་གཞུང་འབྲེལ་འབྲེལ་ལམ་འཛིན་ཕྱོགས་ཐད་བཀག་སྡོམ་གྱི་སྲིད་ཇུས་ཡོད་པ་དེ་དག་མེད་པར་བཟོས་རྗེས། ནེདྷར་ལེན་ཌེའི་(Netherlands)་ནང་གི་ཨ་མི་རི་ཀའི་གཞུང་ཚབ་ཁང་དུ་ཐའེ་ཝན་གྱི་གཞུང་འབྲེལ་མི་སྣ་དང་ཐེངས་དང་པོ་མཇལ་འཕྲད་བྱས་ཡོད་འདུག
དེ་ཡང་རིང་མིན་སྤྱི་ཟླ་དང་པོའི་ཚེས་༢༠ཉིན་ཨ་མི་རི་ཀའི་སྲིད་འཛིན་ཇིའོ་བྷ་ཌེན་གྱིས་འགན་བཞེས་མ་གནང་གོང་དེར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རི་གཞུང་གིས་ཐའེ་ཝན་དང་གཞུང་འབྲེལ་འབྲེལ་ལམ་འཛིན་ཕྱོགས་ཐད་བཀག་སྡོམ་གྱི་སྲིད་ཇུས་ཡོད་པ་དེ་དག་མེད་པར་བཟོས་བ་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཚེས་༩ཉིན་གསལ་བསྒྲགས་གནང་ཡོད་པ་རེད།
དེ་མ་ཐག་རྒྱ་ནག་གི་ཕྱོགས་ནས་སུ་ཞིག་གིས་ང་ཚོའི་ཐེ་ཝན་དང་རྒྱ་ནག་གི་ཆིག་སྒྲིལ་འགོག་ཐབས་མེད་པ་དང་། ཐའེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ལས་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་ཐོབ་ཐང་མེད་ཅེས་བརྗོད་ནས་སྐྱོན་བརྗོད་དང་ཉེན་བརྡ་བཏང་ཡོད་འདུག
འདི་ཚེས་༡༢ཉིནནེདྷར་ལེན་ཌེར་བཅའ་བཞུགས་ཨ་མི་རི་ཀའི་གཞུང་ཚབ་(Pete Hoekstra)ཡིས་(twitter)དྲ་ལམ་བརྒྱུད། ད་རེས་ཁོང་དང་ཐའེ་ཝན་གྱི་གཞུང་དོན་སྐུ་ཚབ་(Chen Hsing hsing)གཉིས་བར་ཨ་རིའི་གཞུང་ཚབ་ཏུ་མཇལ་འཕྲད་གནང་ཡོད་པ་དང་། དེ་ནི་ལོ་རྒྱུས་རང་བཞིན་གྱི་མཇལ་འཕྲད་ཅིག་ཡིན་པས་ཐེ་ཝན་གྱི་གཞུང་དོན་སྐུ་ཚབ་ལ་དགའ་བསུ་ཡོད་ཅེས་སྤེལ་འདུག
ད་ཆ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགོ་ཁྲིད་ཚོས་ཐེ་ཝན་དམངས་གཙོ་གཞུང་གི་གཞུང་འབྲེལ་མི་སྣ་དང་ཐུགས་འཕྲད་བྱེད་ཆོག་པ་དེ་ནི་དགེ་མཚན་ལྡན་པ་ཞིག་ཡིན་ལུགས་གསུངས་ཡོད་པ་དང་། དེ་བཞིན་ཐེ་ཝན་གྱི་སྐུ་ཚབ་ཁྲིན་གྱིས་ཀྱང་(twitter)དྲ་ལམ་བརྒྱུད་ཐའེ་ཝན་གྱི་སྐུ་ཚབ་ཐོག་མ་དེ་ཁོང་དང་ཨ་རི་བར་གཞུང་འབྲེལ་གྱིས་ཐུག་འཕྲད་བྱུང་བར་ཧ་ལས་པའི་དགའ་སྤྲོ་ཆེན་པོ་བྱུང་ཞེས་བཀོད་ཡོད་པ་རེད་འདུག
དེ་སྔོན་ཡིན་ན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང་རྒྱ་ནག་ལ་བསྟུན་མཁས་ཆེད་ཨ་མི་རི་ཀ་སོགས་ཡུལ་གྲུ་མང་པོ་ཞིག་གིས་ཐའེ་ཝན་དང་གཞུང་འབྲེལ་འབྲེལ་ལམ་བྱ་རྒྱུར་ནང་ཁུལ་བཀག་སྡོམ་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་(Trump)སྲིད་གཞུང་གིས་ཐའེ་ཝན་དང་གཞུང་འབྲེལ་འབྲེལ་བ་བཙུགས་པ་དང་། ཐའེ་ཝན་ལ་གོ་མཚོན་ཚོང་བསྒྱུར་བྱས་པ་ལ་སོགས་པར་རྒྱ་ནག་གི་ཕྱོགས་ནས་ཁོང་ཁྲོ་དང་སྐྱོན་བརྗོད་མང་པོ་བྱས་ཡོད་པ་རེད།
དེ་བཞིན་ཨ་མི་རི་ཀའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་(Kelly Craft) ལགས་གཟའ་ལྷག་པའི་ཉིན། ཐའེ་ཝན་ནང་ཉིན་གསུམ་གྱི་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་བསྐྱོད་གནང་གི་ཡོད་པའི་གནས་ཚུལ་དེའི་ཐད་ཀྱང་རྒྱ་ནག་ཁོང་ཁྲོ་ལངས་བཞིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎