ཐའེ་ལྦན་གྱིས་དམག་དོན་སྦྱོང་བརྡར་བྱེད་འཆར།
2008.07.15
༄༅༎དེང་སྐབས་ཐའེ་ལྦན་དང་རྒྱ་ནག་གི་འབྲེལ་ལམ་དེ་སྔོན་དང་བསྡུར་ན་བཟང་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་དང༌། ཡིན་ནའང་ཐའེ་ལྦན་དམག་དོན་ལྷན་ཁང་གིས་གཟའ་མིག་དམར་ཉིན་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་མིན་ལ་མ་ལྟོས་པར་ཐའེ་ལྦན་དམག་དཔུང་གིས་ད་ལོ་ཕྱི་ཟླ་དགུ་པའི་ཚེས་༢༢ནས་༢༦བར་རྒྱ་ནག་གི་གཏོར་རྒོལ་གཏོང་སྲིད་པའི་ཉེན་ཚབས་ལ་ཁ་གཏད་ཀྱི་ལོ་རེའི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་ཕྱིར་བསྒྲགས་གནང་ཡོད་པ་རེད། ཐའེ་ལྦན་དང་རྒྱ་ནག་ཕྱོགས་གཉིས་ཀས་ལོ་ལྟར་མ་འོངས་ཕྱོགས་གཉིས་དབར་དམག་དོན་ཁ་གཏད་ཀྱི་ཉེན་ཚབས་ལས་རྣམ་པར་རྒྱལ་བའི་ཆེད་དམག་དོན་སྦྱོང་བརྡར་སྤེལ་གྱི་ཡོད་ཅིང༌། ད་ལོ་ཐའེ་ལྦན་གཞུང་གིས་སྤེལ་རྒྱུའི་ཧན་ཀོང་ཞེས་པའི་ལོ་རེའི་དམག་དོན་སྦྱོང་བརྡར་དེའི་ནང་མཁའ་ཐོག་དང་མཚོ་ཐོག་དེ་བཞིན་སྐམ་སའི་ཐོག་བཙན་འཛུལ་བྱེད་མཁན་བཀག་འགོག་སོགས་ཀྱི་བརྗོད་གཞིའི་ཐོགནས་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང༌། དེ་སྔོན་ཐའེ་ལྦན་དམག་དཔུང་གིས་དམག་དོན་སྦྱོང་བརྡར་རིགས་སྤེལ་བའི་སྐབས་གསར་འགོད་པ་དང་སྲིད་དོན་མི་སྣ་མང་པོ་དམག་དོན་སྦྱོང་བརྡར་ལ་བལྟ་ཞིབ་བྱེད་པར་གདན་ཞུ་གནང་གི་ཡོད་ཀྱང༌། ད་ལོའི་དམག་དོན་སྦྱོང་བརྡར་སྐབས་གསར་འགོད་པ་དང་སྲིད་དོན་མི་སྣ་མང་པོ་གདན་ཞུ་གནང་རྒྱུ་མིན་པ་ཐའེ་ལྦན་དམག་དཔུང་གིས་ཕྱིར་བསྒྲགས་གནང་ཡོད་པ་རེད། ཐའེ་ལྦན་དམག་དོན་ལྷན་ཁང་གིས་ཐའེ་ལྦན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དེང་སྐབས་བཟང་ཕྱོགས་སུ་བསྐྱོད་ཡོད་ན་ཡང་ དམག་དོན་ཐོག་ནས་མ་འོངས་གནས་ཚུལ་རིགས་ལྷག་ཚེ་དགོས་ངེས་ཀྱི་ཁ་གཏད་གཅོག་ཐུབ་རྒྱུའི་གྲ་སྒྲིག་བྱ་རྒྱུར་ཐའེ་ལྦན་ཕྱོགས་ནས་ལྷོད་གཡེངས་རྩ་བ་ནས་གནང་གི་མེད་པའི་སྐོར་གསལ་སྟོན་གནང་ཡོད་འདུག ཡིན་ནའང་ཐའེ་ལྦན་དམག་དོན་ལྷན་ཁང་གིས་ད་རེས་ཀྱི་དམག་དོན་སྦྱོང་བརྡར་དེ་བཞིན་དེ་སྔོན་ལྟར་ཁྱབ་གྲགས་ཆེན་པོ་མེད་པའི་ཐོག་ནས་སྤེལ་དགོས་དོན་ནི་དེང་སྐབས་ཐའེ་ལྦན་དང་རྒྱ་ནག་གི་འབྲེལ་ལམ་དེ་བཞིན་བཟང་ཕྱོགས་སུ་བསྐྱོད་བཞིན་པ་དེར་དོ་ཕོག་མི་ཡོང་བའི་ཆེད་དུ་ཡིན་མིན་གསར་འགོད་པའི་འདྲི་བར་ལན་འདེབས་ཁ་གསལ་གནང་མེད་པ་རེད།