ཐེ་དབན་གྱི་རོགས་སྐྱོར་མི་སྣ་དང་གནམ་གྲུ་རྒྱ་ནག་ཏུ་འབྱོར་རྒྱུ།
2008.05.16
༄༅༎ཐེ་དབན་གྱི་རོགས་སྐྱོར་མི་སྣ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གནམ་གྲུ་གཟའ་པ་སངས་ཉིན་རྒྱབ་ཏུ་རྒྱ་ནག་གི་ས་ཡོམ་གནོད་འཚེ་ཕོག་ཡུལ་དུ་རོགས་སྐྱོར་ལས་དོན་སྤེལ་བར་འབྱོར་རྒྱུ་ཡིན་པ་རྒྱ་གྲམ་དམར་པོའི་ཚོགས་པས་འགྲེལ་བརྗོད་བྱས་བཞག
ཐེ་དབན་གྱིས་ས་ཡོམ་གནོད་འཚེ་ཕོག་ཡུལ་དུ་རོགས་སྐྱོར་དུ་བསྐྱོད་མཁན་གྱི་རོགས་སྐྱོར་ཚོགས་པ་དེ་བཞིན་ཐེ་བད་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཟུར་པ་སྐུ་ཞབས་ཨའོ་ཅིད་ཨའ་ཡིས་སྣེ་ཁྲིད་གནང་ཡོད་པ་དང༌། ཁོང་གིས་སྣེ་ཁྲིད་པའི་ས་ཡོམ་གྱི་གནོད་འཚེའི་རོགས་སྐྱོར་ཚོགས་པ་དེས་དེ་སྔོན་ཐེ་དབན་ནང་ས་ཡོམ་གྱི་གནོད་འཚེ་འཕོག་སྐབས་དང་ ཨིན་ཌོ་ནེ་ཤི་ཡའི་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་སྐབས་རོགས་སྐྱོར་གྱི་ལས་དོན་ཧ་ཅང་ཤུགས་ཆེ་སྤེལ་ནས་སྲོག་སྐྱོབས་ཉམས་མྱོང་ཆེན་པོ་ཡོད་པ་དང༌། རོགས་སྐྱོར་ཚོགས་པ་དེར་དམིགས་བསལ་གྱི་སྦྱོང་བརྡར་ཡོད་པའི་ཚོགས་མི་དྲུག་བཅུ་ཡོད་ཀྱང་། རྒྱ་ནག་གཞུང་གིས་རོགས་སྐྱོར་མི་སྣ་ཉི་ཤུ་ལས་བརྒལ་བ་གཏོང་གི་མེད་པར་བརྟེན་ནས་ ད་རེས་རོགས་སྐྱོར་མི་སྣ་༢༢ལས་སྒྲུབ་པའི་རོགས་སྐྱོར་ཚོགས་པ་དེས་ཐེ་དབན་གྱི་མཁའ་འགྲུལ་ལས་ཁང་གསུམ་གྱི་གནམ་གྲུ་བཞིའི་ནང་སྨན་དང་དགོས་ངེས་དངོས་ཟོག ས་འོག་ནས་སྲོག་སྐྱོབས་ཀྱི་ལག་ཆ་སོགས་འཁྱེར་ཡོད་པ་དང་ དེ་བཞིན་དམིགས་བསལ་སྦྱོང་བརྡར་སྤྲད་པའི་ཁྱི་ཡང་མཉམ་འཁྲིད་བྱས་ཡོད་ཅིང༌། དེ་དག་གི་འགྲོ་གྲོན་ཡོངས་རྫོགས་ཐེ་དབན་གཞུང་གིས་གཏོང་གི་ཡོད་པ་རེད་། དེ་མིན་ཐེ་དབན་གྱི་དམངས་ཁྲོད་ཀྱི་ཚོགས་པ་ཁག་དང་ནང་པའི་ཆོས་ཚོགས་ཁག་གིས་ཀྱང་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་མི་སྣ་དང་དངོས་ཟོག་གི་རོགས་རམ་ལས་དོན་སྤེལ་བཞིན་ཡོད་འདུག