ཐའི་ཝན་གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་མི་རྣམས་རྒྱ་ནག་ཏུ་བསྐྱོད་པར་སྔོན་ཚུད་ནས་སྙན་སེང་ཞུ་དགོས་པ་བསྒྲགས་འདུག
ཐེ་ཝན་གྱི་གཞུང་འཛིན་སྲིད་དོན་ཚོགས་པས་རང་གི་ཚོགས་མི་ཚོས་ཧོང་ཀོང་དང་། མ་ཁའོ་འཚུད་པའི་རྒྱ་ནག་ལ་འགྲོ་སྐབས་འཆར་གཞི་རྣམས་སྔོན་ཚུད་ནས་སྙན་སེང་ཞུ་དགོས་པའི་དགོས་མཁོ་བཏོན་ཡོད་ཅིང་། དེ་ནི་རྒྱ་ནག་གིས་ཐའི་ཝན་ནང་སོ་ལྟ་བྱེད་བཞིན་པའི་སེམས་འཚབ་ཇེ་ཆེར་འགྲོ་བཞིན་པར་ཡ་ལན་སློག་ཆེད་ཡིན།
ཐེ་ཝན་དང་རྒྱ་ནག་གཉིས་ཀས་ཕན་ཚུན་ལ་སོ་ལྟ་བྱེད་པའི་སྐྱོན་འཛུགས་ཡང་ཡང་བྱས་ཡོད་ལ། ལྷག་པར་ཐེ་ཝན་གྱིས་མི་སྣ་འགའ་ཤས་འཛིན་བཟུང་བྱས་ཡོད་པ་ནི་པེ་ཅིང་གིས་གནས་ཚུལ་བསྡུ་རུབ་བྱེད་པའམ་མང་ཚོགས་ཀྱི་བསམ་ཚུལ་ལ་ཤུགས་རྐྱེན་སྤྲོད་པའི་ཆེད་དུ་བསྐོ་བཞག་བྱས་པ་ཡིན་ཞེས་ཤོད་ཀྱི་ཡོད། འོན་ཀྱང་རྒྱ་གཞུང་གིས་རྒྱུན་ལྡན་དུ་ཐེ་ཝན་ལ་དམིགས་པའི་སོ་ལྟའི་བྱ་གཞག་གང་ཡང་སྤེལ་གྱི་མེད་པ་དང་། སྐྱོན་འཛུགས་དེ་རིགས་ནི་"གཞི་རྩ་མེད་པ་" ཡང་ན་"ཆབ་སྲིད་ཀྱི་དགོས་མཁོའི་"ཆེད་ཡིན་ཞེས་བརྗོད་ཀྱི་ཡོད།
ཐེ་ཝན་གྱི་སྲིད་འཛིན་དང་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པའི་(DPP)ཚོགས་གཙོ་ལའེ་ཆིང་ཐེ་ཡིས་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་མི་ཡིན་ནོ་ཅོག་ནས་རྒྱ་ནག་ལ་བསྐྱོད་པའམ་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་མི་སྣ་དང་འབྲེལ་བ་བྱེད་པ་ཡིན་ན། སྔོན་ཚུད་ནས་སྙན་སེང་ཞུ་དགོས་པ་མ་ཟད་རྗེས་སུ་འབྲེལ་བ་བྱུང་རྗེས་མཇུག་སྐྱོང་གནས་ཚུལ་སྙན་སེང་དགོས་པ་བསྒྲགས་འདུག་པའི་ཁར། སྲིད་འཛིན་ལའི་ཆིང་ཐེ་ཡིས། སྒེར་གྱི་ཁེ་ཕན་ཆེད་དུ་ཚོགས་པའི་རྩ་དོན་ལ་རྡོག་རོལ་གཏང་བ་ཡིན་ན་ཁྲིམས་ཐོག་ནས་ཉེས་ཆད་ཁུར་དགོས་པ་བརྗོད་འདུག
གཞན་ཡང་སྲིད་འཛིན་ལའི་ཆིང་ཏེ་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཁྲིམས་ཀྱི་འགན་ཁུར་ཚད་མཐོར་གཏོང་སླད་ཚོགས་པའི་ཚོགས་མི་རྣམས་གོ་རྟོགས་སྤེལ་རྒྱུ་དང་། ཁྲིམས་བཟོ་ལྷན་ཚོགས་དང་ས་གནས་འཐུས་ཚོགས་ཀྱི་ལས་རོགས་ཚོར་ལྟ་རྟོག་དམ་པོ་བྱེད་དགོས་པའི་དགོས་འདུན་ཡང་བཏོན་འདུག
གཞི་རྩའི་རྒྱ་ནག་གིས་ཐེ་ཝན་ནི་རྒྱ་ནག་ནང་ཟླ་སྒྲིལ་ངེས་པར་གཏོང་དགོས་པའི་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། གལ་ཏེ་དགོས་མཁོ་བྱུང་ན་ཟླ་སྒྲིལ་ཆེད་དྲག་ཤུགས་ཀྱང་བེད་སྤྱོད་བྱེད་པར་བརྗོད་ཡོད། གང་ལྟར་ཡང་མང་གཙོའི་ལམ་ལུགས་ལྡན་པའི་ཐའི་ཝན་ནི་རྒྱ་ནག་གི་ནང་འཁྲུག་རྗེས་ཏེ། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་སྐམ་ས་ཆེན་མོ་ནས་དོན་དངོས་སུ་ཁ་བྲལ་བ་ནས་བཟུང་རང་སྐྱོང་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་སྲིད་འཛིན་ལའི་ཆིང་ཐེ་ནི་ཐའི་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དང་། ཁ་བྲལ་བར་ངོས་འཛིན་བྱས་ཏེ། ཁོང་གི་འགོ་ཁྲིད་ལ་གདོང་ལེན་བྱེད་ཆེད་ཐའི་ཝན་ཉེ་ཁུལ་དུ་དམག་སྦྱོང་བྱེད་པ་དང་། དཔལ་འབྱོར་ཐོག་ནས་གནོན་ཤུགས་སྤྲོད་པ། ཕྱི་འབྲེལ་ཐོག་ནས་ཁེར་རྐྱང་འཇོག་ཐབས་ཀྱི་འབད་རྩོལ་བྱེད་བཞིན་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།