ཡུ་གུར་མི་རིགས་ཀྱི་འགོ་འཁྲིད་ལ་ཐའེ་ལྦན་དུ་མགྲོན་འབོད་ཞུ་རྒྱུ།
2009.09.29
༄༅༎ཐའེ་ལྦན་གྱི་རང་བཙན་དོན་གཉེར་ཚོགས་པ་ཞིག་གིས་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགོ་འཁྲིད་ལྕམ་རཱ་སྦི་ཡ་ཀ་རྡིར་ཡུལ་དེའི་ནང་མགྲོན་འབོད་ཞུ་རྒྱུའི་ཕྱག་ཡིག་ཅིག་ཕུལ་འདུག
ཐའེ་ལྦན་རང་བཙན་དོན་གཉེར་ཚོགསཔ་གཏསི་ཡུ་ནའེ་ཀྲིཏ་ཞེས་པའི་མགྲིན་ཚབ་པ་གེ་རི་ཅང་ཡིས་འདི་ག་ཨ་མི་རི་ཀའི་ནང་བཙན་བྱོལ་དུ་གནས་པའི་ཆབ་སྲིད་བཙོན་ཟུར་དང་ཤིན་ཅང་ཞེས་པའི་འབོད་པའི་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགོ་འཁྲིད་ལྕམ་རཱ་སྦི་ཡ་ཀ་རྡིར་དང་ཁོང་གི་སྐུ་ཟླ་གཉིས་ཐའེ་ལྦན་ནང་མགྲོན་འབོད་ཞུ་རྒྱུའི་ཕྱག་ཡིག་གཅིག་ཕུལ་ཡོད། ཡིན་ནའི་ཁོང་གཉིས་ཀྱིས་དང་ལེན་གནང་མིན་ད་ལྟའི་འཆར་ཡིད་བརྟན་འཕེར་བའི་ངང་ནས་བརྗོད་དཀའ་བ་ཡིན་སྐོར་ཁ་ས་ཕེ་རན་སི་གསར་ལས་ཁང་ལ་གསུངས་འདུག ལྕམ་རཱ་སྦི་ཡ་ཀ་རྡིར་ལ་ཐའེ་ལྦན་ནང་གདན་ཞུ་ཕུལ་བ་དེ་ནི་གཟའ་འཁོར་དེའི་ནང་ཐའེ་ལྦན་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ཀའོ་ཞུང་ནང་ཁོང་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་བཏོན་པར་རྒྱ་ནག་གཞུང་ཁོང་ཁྲོའི་མེ་ལྕེ་འབར་བཞིན་པའི་སྐབས་འདིར་བྱུང་བ་ཞིག་རེད་ལ་རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་བདུན་པའི་ནང་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆིའི་གཙོས་པའི་གྲོང་ཁྱེར་ཁག་ནང་ཟིང་འཁྲུག་གི་རྐྱེན་ངན་བྱུང་བ་དེ་ལྕམ་རཱ་སྦི་ཡ་ཀ་རྡིར་ཡིས་བརྒྱུད་སྐུལ་བྱས་ཚུལ་ནག་ཉེས་བཙུགས་ཡོད་པ་རེད། ཡིན་ནའི་ཁོང་གིས་དེར་ངོས་ལེན་རྩ་བ་ནས་གནང་མེད་པ་རེད། ཐའེ་ལྦན་གྱི་སྲིད་བློན་ལྦུ་ཏེན་ཡི་ཡིས་གཞུང་འཛིན་གོ་མིང་ཏང་གིས་ལྕམ་རཱ་སྦི་ཡ་ཀ་རྡིར་ཡུལ་དེའི་ནང་ཕེབས་འཐུས་ཆོག་པའི་ཆོག་མཆན་གནང་རྒྱུ་ཡིན་མིན་སྐོར་གང་ཡང་མ་གསུངས་མེད་སྟབས་ཐའེ་ལྦན་གྱི་རང་བཙན་དོན་གཉེར་ཚོགས་པའི་མགྲིན་ཚབ་པ་གེ་རི་ཅིཡང་ཡིས་ཐའེ་ལྦན་གཞུང་གིས་ལྕམ་རཱ་སྦི་ཡ་ཀ་རྡིར་ལ་ཐོངས་མཆན་ཕུལ་རྒྱུ་མིན་པའི་སྐོར་སེམས་འཕྲལ་འདུག ཡིན་ནའི་ཐའེ་ལྦན་དེ་བཞིན་རང་དབང་དང་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་གཅིག་ཡིན་པའི་ཆ་ནས་ཁོང་ཡུལ་དེའི་ནང་ཕེབས་བཅུག་མི་དགོས་པའི་རྒྱུ་མཚན་གང་ཡང་མེད་སྐོར་ཡང་གསུངས་ཡོད་པའི་གནས་ཚུལ་འདུག།