ཐའེ་ལྦན་སྲིད་འཛིན་ཚོགས་པའི་ཚོགས་གཙོར་བསྐོ་འདེམས་བྱུང་བ།
2009.10.17
༄༅༎ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུ་མཆོག་གོ་མིང་ཏང་ཚོགས་པའི་ཚོགས་གཙོར་བསྐོ་འདེམས་བྱས་ནས་དེ་རིང་དམ་འབུལ་མཛད་སྒོ་ཞིག་ཚུགས་ཡོད་པ་དང་སྐབས་དེར་ཁོང་གིས་ང་ཚོའི་ཚོགས་པའི་ངོས་ནས་རྒྱ་ནག་མཉམ་ཕྱོགས་གཉིས་ཀའི་མོས་མཐུན་ཡོད་པའི་ཐོག་ནས་འབྲེལ་ལམ་བཟང་དུ་གཏོང་རྒྱུར་འབད་བརྩོན་བྱེད་ནས་ཕན་ཚུན་ཡིད་ཆེས་འཕེར་ངེས་བཟོ་རྒྱུ་གལ་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གཏམ་བཤད་སྤེལ་ཡོད་འདུག
ཁོང་གོ་མིང་ཏང་ཚོགས་པའི་ཚོགས་གཙོར་བསྐོ་འདེམས་བྱུང་བ་དེས་མ་འོངས་པར་གནས་རིམ་འདྲ་འདྲའི་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏོ་དང་མཇལ་འཕྲད་གནང་ཆོག་པ་ཞིག་ཆགས་ཀྱི་ཡོད་འདུག ཁོང་གི་གོང་གོ་མིང་ཏང་ཚོགས་པའི་ཚོགས་གཙོ་ཡུ་པོ་སུང་གིས་སྲིད་འཛིན་ཧུ་ཇིན་ཏོ་དང་མཇལ་འཕྲད་གནང་མྱོང་ཡོད་པ་རེད།
ཡང་ཁོང་ཚོགས་གཙོར་བསྐོ་བཞག་བྱུང་བར་རྒྱ་ནག་གུང་བྲན་ཚོགས་པའི་ངོས་ནས་འཚམས་འཕྲིན་གནང་བའི་ནང་ཕྱོགས་གཉིས་དབར་ཞི་འགྲིགས་ཀྱི་ལམ་ནས་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་འདུན་པ་མུ་མཐུད་ནས་ཡོད་ཅེས་བཀོད་ཡོད་པ་རེད།
ཐའེ་ལྦན་གྱི་སྲིད་འཛིན་མ་ཡིང་ཇུ་མཆོག་དེ་སྔ་ཕྱི་ལོ་ཉིས་སྟོང་གསུམ་ནས་ཉིས་སྟོང་བདུན་བར་གོ་མིང་ཏང་ཚོགས་པའི་ཚོགས་གཙོ་ཡིན་ནའང་ཁོང་ལ་ལྐོག་ཟ་རུལ་ལུངས་ཀྱི་ཉེས་བཙུགས་འོག་དགོངས་ཞུ་བྱས་དགོས་བྱུང་ཡོད་པ་རེད། འོན་ཀྱང་ཉེས་བཙུགས་དེ་དག་ཁུངས་མེད་ཡིན་པའི་ར་འཕྲོད་བྱུང་བར་བརྟེན་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་ཞིག་ཡིན་པ་དང་ཁོང་སྲིད་འཛིན་གྱི་ལས་འཁུར་ཟིན་པའི་རྗེས་སུ་རྒྱ་ནག་སྐམ་ས་ཆེན་པོ་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐབས་ཤེས་གནང་མུས་ཡིན་པ་རེད༎