རྒྱ་ནག་སྐམ་ས་དང་དམག་རྒྱབ་དགོས་ཀྱང་ཞེད་སྣང་མེད་སྐོར།
2012.06.07
༄༅༎ཐའེ་ལྦན་གྱི་སྲིད་འཛིན་མཆོག་གིས་རྒྱ་ནག་སྐམ་ས་ཆེན་པོ་དང་དམག་རྒྱབ་དགོས་ཀྱང་ཞེད་སྣང་གང་ཡང་མེད་ཅེས་གསུངས་ཡོད་པའི་གནས་ཚུལ་འདུག
སྲིད་འཛིན་མ་ཡིང་ཇུས་དེ་རིང་རེས་གཟའ་ཕུར་བུའི་ཉིན་མའོན་པའོ་ལི་ཞེས་ཐའེ་ལྦན་ལྷོ་ཁུལ་གྱི་དམག་མིའི་ཟབ་སྦྱོང་སྤྲོད་ཡུལ་མཚོ་གླིང་ཆེ་ཤོས་དེའི་ནང་དམག་མི་ཆིག་སྟོང་ཙམ་ལ་ཟབ་སྦྱོང་སྤྲོད་རྒྱུའི་ལས་རིམ་ཞིག་ཏུ་གཟིགས་བསྐོར་གནང་བའི་རྗེས་གསར་འགོད་པ་དང་། སྐུ་མགྲོན་འདུ་འཛོམས་སར་གསུངས་བཤད་གནང་བའི་ནང་། ང་ཚོས་དམག་རྒྱབ་འདོད་མེད། ཡིན་ནའང་དམག་རྒྱབ་རྒྱུར་ཞེད་སྣང་ཡང་མེད་ཅེས་གསུངས་འདུག ཟབ་སྦྱོང་འདིའི་ནང་གནམ་དམག་གནམ་གྲུ་དང་། ཐད་འཕུར་གནམ་གྲུ། མེ་ཤུགས་འཕུར་མདེལ་སོགས་བེད་སྤྱོད་བྱེད་ཕྱོགས་སྐོར་སྦྱོང་བརྡར་བྱས་ཡོད་པ་རེད།
སྤྱིར་བཏང་རྒྱ་ནག་སྐམ་ས་ཆེན་པོའི་ཐོག་ནས་ཐའེ་ལྦན་ལ་དམིགས་ནས་ས་མཚམས་ཀྱི་མཚོ་གླིང་ཐོག་དམག་དཔུང་འགྲེམས་འཇོག་ཡོད་མུས་ཐོག་སྐབས་རེ་ཐའེ་ལྦན་གྱི་ས་ཆའི་ཐོག་བཙན་འཛུལ་བྱས་པའི་རིགས་ཀྱང་ཡོང་གི་ཡོད་པ་རེད། ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་དྲན་ཤུ་བྷན་དང་མི་འདྲ་བར་ད་ལྟའི་སྲིད་འཛིན་མ་ཡིང་ཇུ་རྒྱ་ནག་སྐམ་ས་ཆེན་པོའི་ཐོག་ལངས་ཕྱོགས་འཛིན་བཏང་ཕྲན་བུའི་གུ་ཡངས་དང་འབྲེལ་བ་ཡག་ཏུ་གཏོང་མཁན་ཞིག་ཡིན་པ་རེད་ལ་ཁོང་གི་སྲིད་བྱུས་དེར་མང་གཙོ་ཡར་ཐོན་ཚོགས་པ་དང་། གཞན་ཡང་མི་མང་མང་པོ་ཞིག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་ནས་ཐའེ་ལྦན་ནི་རྒྱ་ནག་སྐམ་ས་ཆེན་པོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལུགས་བཤད་ནས་ཨ་མི་རི་ཀར་ཐའེ་ལྦན་ལ་གོ་ལག་ཆ་ཚོང་འགྲེམས་བྱེད་རྒྱུར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།