ཐེ་དབན་སྲིད་འཛིན་གྱིས་རྒྱ་ནག་ནང་དམངས་གཙོ་དགོས་གསུང་།
2011.01.01
༄༅༎ཐེ་དབན་གྱི་སྲིད་འཛིན་མཱ་ཡིང་ཇོའི་ལོ་གསར་པའི་རྒྱལ་ཡོངས་ཀྱི་གསུང་འཕྲིན་ནང་ ང་ཚོ་ཐེ་དབན་ནང་ལོངས་སུ་སྤྱོད་པའི་མང་གཙོ་དང་ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་དེ་དག་རྒྱ་ནག་གི་གོང་མ་ཡན་དང་ཧཱུང་ནས་བརྒྱུད་པའི་རིགས་མཐའ་དག་གིས་ལོངས་སུ་སྤྱོད་ཐུབ་པ་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཞིང་ གོང་མ་ཡན་དང་ ཧཱུང་གི་བརྒྱུད་པ་ཞེས་པ་འདི་ནི་རྒྱ་སྐད་ཀྱི་སྙན་ངག་གི་བརྒྱན་ཞིག་ཡིན་པ་དང་དེ་ནི་གཙོ་བོ་རྒྱ་སྐད་བརྒྱབ་མཁན་དང་རྒྱ་ནག་གི་རིག་གཞུང་ཉམས་སུ་བླང་མཁན་གྱི་མི་རིགས་ཚོར་གོ་གི་ཡོད་པ་རེད།
ད་དུང་སྲིད་འཛིན་མཱ་ཡིང་ཇོས་འདི་ནི་ཐག་རིང་གི་རྨི་ལམ་ཞིག་མིན་ཞིང་ང་ཚོ་ཐེ་དབན་གྱིས་རིན་ཐང་དེ་དག་ལོངས་སུ་སྤྱོད་བཞིན་ཡོད་ལ་ རིན་ཐང་འདི་དག་ནི་ནུབ་ཕྱོགས་རྐྱང་པར་མ་གཏོགས་མེད་མི་ཆོག་པ་ཞིག་མིན་པ་དང་ ཐེ་དབན་གྱི་ཉམས་མྱོང་དེ་སྐམ་ས་ཆེན་པོའི་མ་འོངས་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་བེད་སྤྱོད་འབྱུང་སྲིད་པ་ཞིག་རེད་ཅེས་གསུངས་འདུག་ལ་ ད་དུང་སྲིད་འཛིན་མཱ་ཡིང་ཇོས་རྒྱ་ནག་སྐམ་ས་ཆེན་པོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་འདི་ནི་རྒྱ་ནག་དང་ཐེ་དབན་དབར་གྱི་ལམ་ལུགས་མི་འདྲ་བའི་བསྡུར་བྱའི་ཚད་གཞི་གཙོ་བོ་དེ་ཡིན་པ་གསུངས་འདུག།
ཕྱི་ལོ་༢༠༡༡གི་ཚེས་༡འདི་ནི་ཐེ་དབན་གཞུང་འབྲེལ་གྱིས་རྩིས་པའི་ལོ་བརྒྱ་ཕྲག་དང་པོའི་ཉིན་དང་པོ་དེ་ཡིན་ཞིང་ཟླ་དུས་རྩིས་སྲོལ་འདི་ནི་ཕྱི་ལོ་ ༡༩༡༡ལོར་རྒྱ་ནག་གི་རྒྱལ་བརྒྱུད་རིང་ལུགས་མཇུག་བསྒྲིལ་ཏེ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དངོས་སུ་བཙུགས་པའི་དུས་ཚིགས་དེར་ངོས་འཛིན་བྱེད་པ་ཞིག་ཡིན་པ་རེད།
ཕྱི་ལོ་༡༩༤༩ལོར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་དམར་ཤོག་གྱེན་ལོག་པའི་དབར་ནང་འཁྲུག་བྱུང་སྟེ་སྤྱི་མཐུན་རྒྱལ་ཁབ་ཕམ་ཉེས་སུ་བཏང་ཞིང་དེ་རྗེས་རྒྱ་ནག་དམར་ཤོག་ཚོགས་པས་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞེས་པ་དེ་གསར་དུ་བཙུགས་པ་དང་ རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་མི་སྣ་ཐེ་ཝན་དུ་བྲོས་བྱོལ་སླེབས་ཏེ་ ཐེ་དབན་གྱི་གཞུང་འདིའམ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འདི་མུ་འཐུད་སྐྱོང་བཞིན་ཡོད་པ་རེད།།