ཐའེ་ལྦན་གཞུང་གི་སྲིད་དོན་ལམ་ལུགས་ལ་སྐྱོན་བརྗོད་བྱས་སྐོར།
2009.12.02
༄༅༎ཐའེ་ལྦན་ནང་ཡོད་པའི་ཉི་ཧོང་གི་སྐུ་ཚབ་དཔོན་རིགས་ནས་ཉེ་ཆར་ཐེའ་ལྦན་གཞུང་གིས་འཛིན་བཞིན་པའི་ཐའེ་ལྦན་གྱི་སྲིད་དོན་ལམ་ལུགས་དེ་བཞིན་ཁ་གསལ་མེད་པའི་སྐྱོན་བརྗོད་གནང་བའི་རྗེས་ཐའེ་ལྦན་གྱི་གོ་མིན་ཏང་ཚོགས་པས་དེར་ཁ་གཏད་ལན་འདེབས་བྱས་པ་དང་འབྲེལ་ཉི་ཧོང་གཞུང་གིས་ཉི་ཧོང་གི་སྐུ་ཚབ་དཔོན་རིགས་ཀྱི་བཀའ་མོལ་དེ་རིགས་ལ་ཁ་གསལ་ལན་འདེབས་དགོས་པའི་དགོས་འདུན་བཏོན་པའི་རྗེས་གོང་ཞུས་ཐའེ་ལྦན་ནང་ཡོད་པའི་ཉི་ཧོང་གི་དཔོན་རིགས་མཱ་ས་ཀི་ས་ཨི་ཏོ་ཉི་ཧོང་གི་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ནས་དགོངས་ཞུ་གནང་ཏེ་ཉི་ཧོང་དུ་ཕྱིར་ལོག་ཕེབས་རྒྱུའི་ཐག་གཅོད་ལ་དེ་རིང་ཐའེ་ལྦན་གྱི་གོ་མིན་ཏང་ཚོགས་པའི་གྲོས་ཚོགས་འཐུས་མི་ཧྲུཨ་ཧུ་མཱིན་གྱིས་དགའ་བསུ་ཞུས་ཡོད་ཅིང་ཐའེ་ལྦན་གྱི་གྲོས་ཚོགས་འཐུས་མི་ཧྲུཨ་ཧུ་མཱིན་གྱིས་ཐའེ་ལྦན་གཞུང་ནས་ཉི་ཧོང་གི་དཔོན་རིགས་སཱ་ཨི་ཏོ་ཡིས་གོང་ཞུས་བཀའ་མོལ་དེ་རིགས་ལ་ཁས་ལེན་ཐུབ་ཐབས་མེད་པ་དང་ཡིན་ནའི་ཁོང་ཐའེ་ལྦན་ནས་ཉི་ཧོང་དུ་ཕྱིར་ལོག་ཕེབས་རྒྱུའི་ཐག་གཅོད་ལ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག ཐའེ་ལྦན་ནང་ཡོད་པའི་ཉི་ཧོང་གཞུང་གི་སྐུ་ཚབ་དཔོན་རིགས་སཱ་ཨི་ཏོ་ཡིས་ཐའེ་ལྦན་གྱི་སྲིད་དབང་གོ་མིན་ཏང་ཚོགས་པས་འཛིན་ནས་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ན་ནིང་ཕྱི་ཟླ་ལྔ་པའི་ནང་སྲིད་འཛིན་དམ་འབུམ་བཞེས་པའི་སྐབས་ཐའེ་ལྦན་གཞུང་ནས་འཛིན་པའི་ད་ཡོད་ཀྱི་སྲིད་བྱུས་ཁག་གིས་ཐའེ་ལྦན་གྱི་དཀའ་ངལ་སེལ་ཐབས་མེད་པའི་སྐོར་གྱི་བཀའ་མོལ་གནང་བར་ཐའེ་ལྦན་གྱི་གོ་མིན་ཏང་ཚོགས་པས་ཉི་ཧོང་གི་དཔོན་རིགས་ནས་ཐའེ་ལྦན་གྱི་ནང་སྲིད་ལ་ཐེ་བྱུས་བྱས་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་དང་འབྲེལ་ཐའེ་ལྦན་གྱི་གོ་མིན་ཏང་ཚོགས་པས་ཐའེ་ལྦན་གྱི་སྲིད་བྱུས་སྙིང་དོན་ནི་ཐའེ་ལྦན་དེ་བཞིན་རྒྱ་ནག་གི་སྐུ་ཚབ་གཅིག་པུ་དེ་ཡིན་ལུགས་གསལ་སྟོན་བྱས་ཡོད་པ་རེད་ ཡིན་ནའི་ཐའེ་ལྦན་་གྱི་ཕྱོགས་འགལ་དམངས་གཙོ་ཡར་ཐོན་ཚོགས་པས་ཐའེ་ལྦན་གྱི་དཀའ་ངལ་དེ་བཞིན་གོ་མིན་ཏང་ཚོགས་པས་འཛིན་པའི་སྲིད་བྱུས་འོག་སེལ་ཐབས་དཀའ་བ་དང་ཐའེ་ལྦན་གྱི་དཀའ་གནད་སེལ་རྒྱུར་ཐའེ་ལྦན་དེ་བཞིན་རང་བཙན་རྒྱལ་ཁབ་ཅིག་ཡིན་མིན་ཐོག་མང་ཚོགས་ཀྱིས་འོས་ཤོག་དབྱུག་ནས་ཐག་གཅོད་བྱ་རྒྱུ་དེ་ཡིན་ལུགས་འགྲེལ་བརྗོད་གནང་གི་ཡོད་ཅིང་ད་རེས་ཉི་ཧོང་ཕྱི་སྲིད་ལས་ཁང་གིས་ཉི་ཧོང་གི་སྐུ་ཚབ་དཔོན་རིགས་སཱ་ཨི་ཏོ་ལས་གནས་ནས་དགོངས་ཞུ་གནང་ཡས་དེ་བཞིན་ཁོང་སྐུ་སྒེར་གྱི་གནད་དོན་གྱིས་རྐྱེན་པས་ཡིན་པ་ལན་འདེབས་གནང་བ་ལས་དེ་མིན་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་གནང་མེད་པ་རེད་ ཐའེ་ལྦན་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཧེན་རི་ཁྲེན་གྱིས་ཐའེ་ལྦན་གཞུང་ནས་ཉི་ཧོང་གཞུང་གི་ཐག་གཅོད་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ལུགས་ལན་འདེབས་གནང་ཡོད་འདུག