ཐའེ་ལྦན་ལ་དམིགས་པའི་མེ་ཤུགས་འཕུར་མདེལ་ཕྱིར་འཐེན་དགོས།
2009.10.21
༄༅༎རྒྱ་ནག་གཞུང་ནས་ཐའེ་ལྦན་ཐོག་དམིགས་པའི་མེ་ཤུགས་འཕུར་མདེལ་ཁག་ཕྱིར་འཐེན་མ་བྱས་པ་ཡིན་ན་ཐའེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོ་བར་གྱི་འབྲེལ་བ་ཡིད་ཆེས་ལྡན་པ་ཞིག་ཡོང་རྒྱུ་མིན་པ་རེད་ཅེས་ཐའེ་ལྦན་གྱི་བདེ་འཇགས་བློན་ཆེན་མཆོག་གིས་ཁ་ས་རེས་གཟའ་མིག་དམར་ཉིན་རོའུ་ཀྲར་གསར་ལས་ཁང་དུ་གསལ་སྟོན་གནང་ཡོད་པ་རེད།
ཉེ་ཆར་རྒྱ་ནག་གཞུང་གིས་ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཇིའུ་མཆོག་དང་འབྲེལ་བ་དམ་ཟབ་ཀྱིས་མཚོ་ཁག་གཉིས་དབར་ཚོང་འབྲེལ་དང་དེ་བཞིན་ཞི་བདེ་གནས་ཐབས་ཀྱི་སྐོར་གྲོས་མོལ་ཐེངས་མང་གནང་ཡོད་ཀྱང་མཚོ་ཁག་གཉིས་དབར་ད་ལྟའི་ཆར་དམག་དོན་གྱི་ཁྱབ་ཁོངས་ཐོག་ནས་ཡིད་ཆེས་བྱེད་རྒྱུའི་འབྲེལ་ལམ་དེ་ད་ལྟའི་ཆར་བཙུགས་ཐུབ་མེད་པ་རེད་ཅེས་ཐའེ་ལྦན་རྒྱལ་ཡོངས་བདེ་འཇགས་བློན་ཆེན་མཆོག་ནས་གསལ་སྟོན་གནང་འདུག ཡང་ཁོང་གིས་མུ་མཐུད་གསུངས་ན་ང་ཚོ་མཚོ་ཁག་གཉིས་ཕན་ཚུན་དབར་གོ་མཚོན་གྱི་གནས་སྟངས་ཐོག་ནས་ཡིད་ཆེས་བྱེད་རྒྱུར་ད་དུང་ཡང་ མུ་མཐུད་སྒུག་དགོས་ཀྱི་ཡོད་པ་ནི་རྒྱ་ནག་གཞུང་ནས་ཐའེ་ལྦན་ཐོག་དམིགས་པའི་མེ་ཤུགས་འཕུར་མདེལ་སོགས་མཚོན་ཆ་ཁག་ཕྱིར་འཐེན་བྱེད་རྒྱུ་དེ་ཡིན་པ་རེད་ཅེས་བདེ་འཇགས་བློན་ཆེན་ལས་ཁང་གི་མགྲིན་ཚབ་པ་མའར་ཊིན་ཡུ་ཡིས་བརྗོད་ཡོད་པ་རེད། ཐའེ་ལྦན་གཞུང་འབྲེལ་ཐོག་ནས་བརྗོད་པར་གཞིགས་ན་རྒྱ་ནག་གཞུང་གིས་ཐའེ་ལྦན་ཐོག་དམིགས་པའི་མེ་ཤུགས་འཕུར་མདེལ་ཆིག་སྟོང་ནས་ཆིག་སྟོང་ལྔ་བརྒྱ་བར་གྲལ་སྒྲིག་ནས་བཞག་ཡོད་པ་ནི་ཐའེ་ལྦན་མཚོ་ཁག་ནས་རྒྱང་ཐག་ཀི་ལོ་མི་ཊར་༡༦༠ཙམ་གྱི་ས་གནས་སུ་བཙུགས་ཡོད་ཚུལ་བརྗོད་ཀྱི་ཡོད་པ་རེད།