རྒྱ་ནག་གིས་ཐའེ་ལྦན་ལ་ཉེན་ཚབས་ཇེ་ཆེར་འགྲོ་བ།
2010.10.05
༄༅༎རྒྱ་ནག་དང་ཐའེ་ལྦན་དབར་ཡར་རྒྱས་འགྲོ་བཞིན་པའི་འབྲེལ་ལམ་ལ་མ་ལྟོས་པར་བདེ་འཇགས་སྲུང་སྐྱོབ་ཀྱི་ཐད་ནས་རྒྱ་ནག་སྐམ་ས་ཆེན་མོ་དེ་བཞིན་ཐའེ་ལྦན་ལ་ཉེན་ཚབས་བཟོ་ཉེན་ཇེ་ཆེར་འགྲོ་ཡི་ཡོད་པའི་སྐོར་ཐའེ་ལྦན་གྱི་བདེ་སྲུང་བློན་ཆེན་གཞོན་པས་ཉེན་བརྡ་གཏང་འདུག་༎
ཐའེ་ལྦན་གྱི་བདེ་སྲུང་བློན་གཞོན་པ་ཨེན་དྲི་རུ་དབྱང་དེང་ཨ་རིའི་ནང་གཞུང་དོན་འཚམས་གཟིགས་ཕེབས་ཡོད་པ་དང་ ཁ་ས་ཨ་རིའི་མེ་རི་ལེན་མངའ་སྡེའི་ནང་ཐའེ་ལྦན་དང་ཨ་རི་དབར་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ལྷན་ཚོགས་ཤིག་གི་སར་རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ལྦན་དབར་འབྲེལ་བ་ཡར་རྒྱས་འགྲོ་བཞིན་དུ་ཡོད་ནའང་ རྒྱ་ནག་གི་ཐའེ་ལྦན་ཐོག་དམིགས་བཙུགས་བྱས་པའི་དྲག་པོའི་དམག་དཔུང་གི་ཚད་གཞི་ཉུང་དུ་སོང་བའི་རྣམ་པ་གང་ཡང་མཐོང་རྒྱུ་མེད་ལ་ དེ་བཞིན་་རྒྱ་ནག་སྐམ་ས་ཆེན་པོས་ཐའེ་ལྦན་གྱི་བདེ་འཇགས་ལ་ཉེན་ཚབས་ཆུང་དུ་འགྲོ་རྒྱུའི་ཚབ་ ད་དུང་ཆེ་རུ་འགྲོ་བཞིན་ཡོད་པའི་སྐོར་གསལ་འདོན་གནང་བཞག
ཐའེ་ལྦན་མཚོ་གླིང་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་དོན་དུ་མངའ་ཁུལ་དེའི་ནང་རྒྱ་ནག་དང་དམག་ཤུགས་འཁོད་སྙོམ་གནས་ཐབས་དང་ དེ་བཞིན་རྒྱ་ནག་གི་དྲག་པོའི་སྟོབས་ཤུགས་ལ་གདོང་ལེན་སྤྲོད་ཐབས་ཆེད་ ཨ་རི་གཞུང་ནས་ཐའེ་ལྦན་ལ་གནམ་དམག་གནམ་གྲུ་རྟགས་ཅན་F-16དང་གཞན་འདེང་ངེས་བཞིན་པའི་གོ་མཚོན་ཚོང་འགྲེམས་གནང་དགོས་པའི་སྐོར་སྐུལ་ལྕག་བྱས་འདུག འདི་ལོ་འགོ་སྟོད་ཨ་རི་གཞུང་གིས་ཐའེ་ལྦན་ལ་Patriotམེ་ཤུགས་འཕུར་མདེལ་དང་Black Hawk Helicopter དེ་བཞིན་གནམ་དམག་གནམ་གྲུའི་ཡོ་ཆས་སོགས་ཚོང་བསྒྱུར་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་ ས་འོག་དམག་གྲུ་དང་ཆེས་དེང་རབས་ཅན་གྱི་གནམ་དམག་གནམ་གྲུའི་རིགས་ཚོང་འགྲེམས་གནང་བརྩིས་མེད་སྐོར་གསུངས་ཡོད་པ་རེད་༎