ཐེ་ཝན་གྱིས་དམག་དོན་ཡོ་ཆས་ལེགས་སྤྱོད་གཏོང་རྒྱུ་ཡིན་འདུག
2017.03.16
རྒྱ་ནག་ནས་དྲག་འཐབ་གྱི་ཉེན་ཁ་དང་འབྲེལ་ནས་ཐེ་ཝན་གྱིས་རྒྱལ་ནང་སྲུང་སྐྱོབ་ཆེད་དམག་དོན་ཡོ་ཆས་ལེགས་སྤྱོད་གཏོང་རྒྱུ་ཡིན་འདུག
དེ་ཡང་ཐེ་ཝན་ཐོག་རྒྱ་ནག་སྐམ་ས་ཆེན་མོ་ནས་དྲག་འཐབ་ཀྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་སྐབས་རྒྱལ་ནང་སྲུང་སྐྱོབ་ཆེད་ཐེ་ཝན་གཞུང་གིས་མཁའ་དམག་གི་དམག་དོན་ཡོ་ཆས་དང་མཁའ་དབྱིངས་སྲུང་སྐྱོབ་ཀྱི་འཕྲུལ་རིགས་ལ་སོགས་པ་ལེགས་སྤྱོད་གཏོང་རྒྱུ་ཡིན་འདུག
དེ་ནི་བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་གིས་ལོ་རེའི་སྔོན་རྩིས་གསལ་བསྒྲགས་བྱས་ཡོད་པའི་ནང་། བདེ་འཇགས་སྲུང་སྐྱོབ་ཀྱི་འགྲོ་གྲོན་སྔོན་རྩིས་དེ་མ་གནས་ཨ་སྒོར་ཐེར་འབུམ་༡༥༡འམ་བརྒྱ་ཆ་༧ཙམ་གྱི་སྤར་ཆ་བྱས་ཞིང་། དེ་ནི་འཛམ་གླིང་ཐོག་ཨ་རིའི་རྗེས་སུ་དམག་དོན་གྱི་འགྲོ་གྲོན་སྔོན་རྩིས་མཐོ་ཤོས་དེ་ཆགས་ཡོད་པ་རེད།
རེས་གཟའ་ཕུར་བུའི་ཉིན། ཐེ་ཝན་གྱི་སྲུང་སྐྱོབ་བློན་ཆེན་Feng Shih-kaun་གིས། ཐེ་ཝན་གྱི་གྲོས་ཚོགས་ནང་དམག་དོན་གྱི་འགྲོ་གྲོན་སྔོན་རྩིས་སྙན་སེང་ཞུས་ཞིང་། རྒྱལ་ནང་སྲུང་སྐྱོབ་ཆེད། དམག་དོན་གྱི་སྔོན་རྩིས་དེ་བརྒྱ་ཆ་གཅིག་ཙམ་གྱི་སྤར་ཆ་བྱེད་རྒྱུ་ཡིན་པ་གསུངས་འདུག
ཐེ་ཝན་གྱི་བདེ་སྲུང་བློན་མཆོག་གིས། དམག་དོན་གྱི་སྔོན་རྩིས་སྤོར་ཆ་བྱས་པ་དེ་བརྒྱུད། ཐེ་ཝན་ཐོག་མཁའ་ཐོག་དང་མཚོ་ཐོག་གཉིས་ནས་དྲག་པོའི་ཚུར་རྒོལ་གྱི་ཉེན་སྲུང་འགོག་ཐབས་སུ། འགྲོ་གྲོན་ཆེན་པོ་མེད་པ་གང་ཞིག་ལ་ཆེས་དེང་རབས་ཅན་གྱི་དམག་དོན་གྱི་འཕྲུལ་རིག་དང་ཐབས་ཇུས་ཡར་རྒྱས་གཏོང་རྒྱུ་ཡིན་པ་གསལ་འདོན་གནང་འདུག
ཐེ་ཝན་གྱི་སྲུང་སྐྱོབ་བློན་ཆེན་མཆོག་གིས་མ་འོངས་ཐེ་ཝན་ལ་འཕྲད་སྲིད་པའི་དམག་དོན་གྱི་ཉེན་ཚབ་དང་། དེ་དག་ལ་གདོང་ལེན་བྱ་ཕྱོགས་ཀྱི་ཐབས་ཇུས་སྐོར་བསྐྱར་ཞིབ་ཀྱི་སྙན་ཐོའི་ནང་དོན་གྲོས་ཚོགས་ལ་སྙན་སེང་ཞུས་འདུག་ཅིང་། དེའི་ནང་ཐེ་ཝན་མཚོ་གླིང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་ཆེ་ཤོས་ནི་རྒྱ་ནག་སྐམ་ས་ཆེན་མོ་ནས་མཁའ་ཐོག་དང་མཚོ་ཐོག་ནས་མེ་ཤུགས་འཕུར་མདེལ་གྱི་ཚུར་རྒོལ་གྱི་ཉེན་ཚབས་དེ་ཡིན་ཞིང་། དེ་དག་ལས་སྲུང་སྐྱོབ་ཆེད་དམག་དོན་གྱི་ཐབས་ཇུས་སྣ་ཚོགས་བརྒྱུད་དེ་ཐེ་ཝན་ནང་གི་མཐའ་འགུག་མཚོ་གླིང་ཁག་གི་བདག་དབང་སྲུང་སྐྱོབ་བྱ་གལ་ཆེ་བའི་སྐོར་ནན་བརྗོད་བྱས་འདུག
དམག་དོན་ཡར་རྒྱས་གཏོང་ཕྱོགས་ཀྱི་ལས་དོན་ཁོངས་སུ། ཐེ་ཝན་གྱི་F-16 རྟགས་ཅན་གྱི་མཁའ་དམག་གནམ་གྲུའི་སྤུས་ཚད་ལེགས་སྤྱོད་གཏོང་རྒྱུ་མ་ཟད། ཨ་རི་ནས་ཆེས་དེང་རབས་ཅན་གྱི་Stealth གསང་ཐབས་གནམ་གྲུ་དང་། དེ་བཞིན་ས་ཐོག་ནས་མཁའ་ཐོག་ཏུ་འདེགས་པའི་མེ་ཤུགས་ཕུར་མདེལ་སོགས་མཁོ་བསྒྲུབ་བྱ་རྒྱུ་མ་ཟད། ཐེ་ཝན་རང་ཉིད་ཀྱི་བཟོས་པའི་མཚོ་འོག་དམག་གྲུ་དང་མཚོ་ཐོག་གནམ་དམག་གྲུ་སོགས་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་གསལ་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།