ཐེ་ལྦན་ནས་རྒྱ་ནག་ཏུ་གནམ་གྲུ་འཕུར་བསྐྱོད་མང་དུ་གཏང་རྒྱུ།
2010.05.30
༄༅༎ཐེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཅོ་ཡིས་རྒྱ་ནག་དང་ཐེ་ལྦན་དབར་ལ་མཁའ་འགྲུལ་གྱི་ལས་དོན་ཉུང་དྲག་པའི་སྐོར་ཡུལ་སྐོར་སྤྲོ་ཆམ་པའི་ངོས་ནས་རེ་འདུན་ཤུགས་ཆེན་པོ་བཏོན་མཁན་ཡོད་པ་བཞིན་ཁོང་ཚོའི་རེ་འདུན་དོན་འཁྱོལ་ཡོང་ཐབས་སུ་ཕྱོགས་གཉིས་དབར་ལ་གཟའ་འཁོར་རེ་རེའི་ནང་གནམ་གྲུ་འཕུར་བསྐྱོད་ཉུང་མཐར་ཐེངས་༢༠༠འཕར་སྣོན་བྱ་དགོས་གལ་ཡིན་པ་གསུང་ཡོད་པ་རེད།
མའ་དབྱིང་ཅོ་ཡིས་དེ་རིང་ཐེ་ལྦན་གྱི་རྒྱལ་ས་ཐའེ་པེ་ཡི་རྒྱལ་སྤྱིའི་གནམ་ཐང་དུ་འཚམས་འདྲིར་ཕེབས་པའི་སྐབས་། ད་ཡོད་རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ལྦན་དབར་ལ་འཕུར་བསྐྱོད་བྱེད་བཞིན་པའི་གནམ་གྲུ་ཉུང་དྲག་པ་དང༌། གནད་དོན་དེ་ནི་ཐེ་ལྦན་གཞུང་ལ་རེ་འདུན་ཆེན་པོ་ཞུ་མཁན་བྱུང་བ་ཞིག་ཡིན་ཞིང༌། ང་ཚོས་ཁོང་ཚོའི་ཤུགས་དྲག་ཆེ་བའི་རེ་འདུན་དེ་སྒྲུབ་ཐབས་སུ་གནམ་གྲུ་འཕུར་བསྐྱོད་མང་དུ་གཏོང་དགོས་གལ་ཆེ་བ་གཟིགས་ཀྱི་ཡོད་ཅེས་གསུང་ཡོད་པ་རེད། ཐེ་ལྦན་དང་རྒྱ་ནག་བར་ལ་དེ་སྔོན་གཟའ་འཁོར་རེ་རེའི་ཐོག་གནམ་གྲུ་༢༧༠འཕུར་བསྐྱོད་བྱེད་པ་ནས་གཟའ་འཁོར་གཅིག་གི་སྔོན་དེར་༣༧༠བར་མང་དུ་བཏང་བའི་རྗེས་སུ་སྲིད་འཛིན་མའ་དབྱིང་ཅོ་ཡིས་བཀའ་མོལ་དེ་གསུང་པ་དང༌། འདི་ལོའི་ཕྱི་ཟླ་དང་པོ་ནས་གསུམ་པ་བར་ཟླ་བ་གསུམ་རིང་ལ་རྒྱ་ནག་སྐམ་ས་ཆེན་པོའི་ཡུལ་སྐོར་སྤྲོ་ཆམ་པ་གསུམ་འབུམ་བཞི་ཁྲི་ལྷག་སླེབས་ཡོད་པ་དེ་ནི། ན་ནིང་གི་ཟླ་བ་གསུམ་དང་བསྡུར་ན་ལྡབས་གཉིས་ཙམ་གྱི་མང་དུ་ཕྱིན་ཡོད་པ་རེད།