ཐེ་ལྦན་སྐུ་ཚབ་ནས་ཧུ་ཅིན་ཐའོ་དང་མཇལ་མོལ་གནང་རྒྱུ།

ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་དེའི་ཟུར་དུ་ཐེ་ལྦན་གྱི་སྐུ་ཚབ་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་མཇལ་འཕྲད་གནང་འཆར།

2010.11.09

༄༅༎རིང་མིན་ཚོགས་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་ཐོག་ཚོགས་བཅར་ཞུ་མཁན་ཐེ་ལྦན་གྱི་སྐུ་ཚབ་ནས་ལྷན་ཚོགས་དེའི་ཟུར་དུ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་དང་མཇལ་འཕྲད་ཀྱིས་ཡུལ་གྲུ་གཉིས་དབར་གྱི་བཟང་ཕྱོགས་ཀྱི་འབྲེལ་ལམ་གང་མགྱོགས་འཕེལ་རྒྱས་ཡོང་ཐབས་ཐད་གྲོས་མོལ་ཡོང་བའི་ཐུགས་རེ་གནང་གི་ཡོད་པ་རེད།

དེ་ཡང་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མ་ནང་ཚོགས་རྒྱུའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་དབུ་ཁྲིད་ཀྱི་ལྷན་ཚོགས་དེའི་ཐོག་ཐེ་ལྦན་གྱི་སྲིད་འཛིན་མ་དབྱིང་ཅོ་ཡི་སྐུ་ཚབ་ཏུ་གོ་མིང་ཏང་གི་ཚོགས་གཙོ་ཟུར་པ་ལིཡེན་ཁྲེན་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང༌། དེ་རིང་ལིཡེན་ཁྲེན་གྱིས་གསར་འགོད་པར་གསུངས་ན། ལྷན་ཚོགས་དེའི་སྐབས་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཁག་དང་མཇལ་འཕྲད་ཀྱིས་ཕྱོགས་ཕན་ཚུན་གྱི་བསམ་ཚུལ་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་ཡོང་རྒྱུ་ཡིན་པ་མ་ཟད། ཁོང་དང་སྲིད་འཛིན་ཧུ་ཅིན་ཐའོ་གཉིས་ཐེ་ལྦན་དང་རྒྱ་ནག་གི་འབྲེལ་བའི་གནད་དོན་ཐོག་ལ་གྲོས་མོལ་ཡོང་རྒྱུའི་རེ་འདུན་བཅངས་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། དེ་སྔ་༢༠༠༠ནས་༢༠༠༨བར་ཐེ་ལྦན་དམངས་གཙོ་ཡར་རྒྱས་ཚོགས་པས་གཞུང་འཛིན་བྱས་པའི་རིང་སྲིད་འཛིན་ཁྲེན་ཧྲུ་བེན་གྱིས་ཐེ་ལྦན་རང་བཙན་གྱི་ལྟ་སྤྱོད་འཛིན་ཏེ་རྒྱ་ནག་དང་འབྲེལ་ལམ་ཛ་དྲག་ཏུ་གནས་ཡོད་ཀྱང་༢༠༠༨ལོར་གོ་མིང་ཏང་གིས་སྲིད་དབང་འཛིན་ཏེ། སྲིད་འཛིན་མའ་དབྱིང་ཅོ་ཡིས་རྒྱ་ནག་དང་འབྲེལ་ལམ་ཉེ་རུ་བཏང་བ་ནས་བཟུང་རྒྱ་ནག་དང་ཐེ་ལྦན་དབར་གྱི་ཚོང་འབྲེལ་ཆེ་རུ་བཏང་བ་དང་ཡུལ་སྐོར་སྤྲོ་ཆམ་འགྲོ་འོང་ཡར་རྒྱས་ཕྱིན་ཡོད་པ་མ་ཟད། དུས་དེ་ནས་བཟུང་ད་བར་དུ་ཐེ་ལྦན་དང་རྒྱ་ནག་གི་སྐུ་ཚབ་བར་གྲོས་མོལ་ཐེངས་ལྔ་བྱས་ཟིན་པ་དང་ཟླ་བ་རྗེས་མའི་ནང་གི་མཇལ་འཕྲད་དེ་ནི་ཐེངས་དྲུག་པ་ཡིན་པ་རེད། ལྷག་པར་དུ་ཉེ་ཆར་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་དང་ཐེ་ལྦན་དབར་ལ་ཚོང་འབྲེལ་མཉམ་ལས་ཀྱི་གྲོས་ཆམ་ཞིག་བྱུང་བ་དེ་ཕྱི་ཟླ་དགུ་པའི་ཟླ་དཀྱིལ་ནས་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པ་དེ་ནི་ཕྱོགས་གཉིས་བར་གྱི་ལོ་རྒྱུས་ཀྱི་འབྲེལ་ལམ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎