ཐའེ་ལྦན་རྒྱལ་ཡོངས་གོང་བུ་གཅིག་གྱུར་ལྷན་ཁང་བསྐྱར་གསོ་བྱེད་མིན།
2008.07.06
༄༅༎ཐའེ་ལྦན་གྱི་སྲིད་འཛིན་མ་དབྱིང་འཇུ་ཡིས་རྒྱལ་ཡོངས་གོང་བུ་གཅིག་གྱུར་ཞེས་པའི་ཐའེ་ལྦན་རྒྱ་ནག་སྐམ་ས་ཆེན་མོ་མཉམ་དུ་ཟླ་བསྒྲིལ་བྱེད་ཕྱོགས་ཀྱི་སྲིད་བྱུས་སློབ་སྟོན་བྱེད་པོའི་ལྷན་ཁང་ དེ་སྔ་ཕྱིར་བསྡུ་ཟིན་པ་དེ་བསྐྱར་གསོ་བྱེད་ཀྱི་ཡོད་པའི་འུད་སྒྲོགས་དེ་བདེན་པ་མིན་པའི་གསལ་བཤད་གནང་འདུག
རྒྱལ་ཡོངས་གོང་བུ་གཅིག་གྱུར་ཞེས་པའི་ལྷན་ཁང་དེ་བཞིན་ཕྱི་ལོ་༡༩༩༠ ལོར་གོ་མིང་ཏང་གི་སྲིད་གཞུང་བཟུང་སྐབས་གསར་འཛུགས་བྱས་པ་ཡིན་ཞིང་ ཕྱི་ལོ་༢༠༠༠ ལོར་མང་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་གྲན་ཧྲུ་པེན་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པའི་རྗེས་ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཡོངས་གོང་བུ་གཅིག་གྱུར་ཞེས་པའི་ཐའེ་ལྦན་རྒྱ་ནག་སྐམ་ས་ཆེན་མོ་མཉམ་དུ་ཟླ་བསྒྲིལ་བྱེད་ཕྱོགས་ཀྱི་སྲིད་བྱུས་སློབ་སྟོན་བྱེད་པོའི་ལྷན་ཁང་དེ་སྔ་ཕྱིར་བསྡུ་གནང་བ་ཡིན་པ་རེད་
རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ལྦན་གཉིས་ཟླ་བསྒྲིལ་བྱེད་ཆེད་བཙུགས་པའི་ལྷན་ཁང་དེར་ལས་དོན་འགྲུབ་པའི་ནུས་པ་ལྡན་པར་ཡིད་ཆེས་བྱེད་མཁན་མེད་ཀྱང་རྒྱ་ནག་སྐམ་ས་ཆེན་མོ་དང་ ཐའེ་ལྦན་གཉིས་མ་འོངས་པར་ཟླ་བསྒྲིལ་ཡོང་བའི་མཚོན་དོན་ཞིག་ཡིན་པར་བརྟེན་ ལྷན་ཁང་དེ་སྒོ་བརྒྱབ་སྐབས་ རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད་ ཨ་རི་སྲིད་གཞུང་གིས་སྲིད་འཛིན་གྲན་ཧྲུ་པེན་གྱིས་བྱེད་ཕྱོགས་དེར་མོས་མཐུན་མེད་པའི་རྣམ་པ་གསལ་པོ་བསྟན་ཡོད་པ་རེད་ ད་ལམ་གྱི་དཀྲོག་གཏམ་དེའི་ཐད་མེས་རྒྱལ་གོང་བུ་གཅིག་འགྱུར་མེད་པ་དང་ རང་བཙན་རྩོད་ཀྱི་མེད་པ་ དྲག་ཤུགས་ལ་མི་བསྟེན་པ་བཅས་གསུམ་ནི་ སྲིད་འཛིན་མ་དབྱིང་འཇུའི་སྲིད་བྱུས་ཡིན་པར་ སྲིད་འཛིན་མ་དབྱིང་འཇུ་ཡི་མགྲིན་ཚབ་པ་ལྦང་གིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག
དེས་ན་ རྒྱལ་ཡོངས་གོང་བུ་གཅིག་གྱུར་ཞེས་པའི་ཐའེ་ལྦན་རྒྱ་ནག་སྐམ་ས་ཆེན་མོ་མཉམ་དུ་ཟླ་བསྒྲིལ་བྱེད་ཕྱོགས་ཀྱི་སྲིད་བྱུས་སློབ་སྟོན་བྱེད་པོའི་ལྷན་ཁང་དེ་ཕྱིར་བསྡུ་ཟིན་པ་དེ་ བསྐྱར་གསོ་བྱེད་འཆར་མེད་པ་སྲིད་འཛིན་ལས་ཁུངས་ནས་གསལ་བཏོན་གནང་ཡོད་པ་རེད།།