ཐེ་ཝན་གྱི་སྲིད་འཛིན་ཨ་རིར་ཕེབས་རྒྱུར་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ།

2024.11.30
ཐེ་ཝན་གྱི་སྲིད་འཛིན་ཨ་རིར་ཕེབས་རྒྱུར་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ། ཐེ་ཝན་གྱི་སྲིད་འཛིན་མཆོག་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གཟིགས་སྐོར་དུ་ཕེབས་ཐོན་གནང་བ།
རོཡ་ཊར།

ཐེ་ཝན་གྱི་སྲིད་འཛིན་མཆོག་རེས་གཟའ་སྤེན་པའི་ཉིན་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གཟིགས་སྐོར་དུ་ཕེབས་ཐོན་གནང་བའི་ལམ་ཞོར་དུ་ཨ་རིའི་ནང་ཉིན་གཉིས་རིང་བཞུགས་རྒྱུའི་མཛད་འཆར་ཡོད་པ་ཁོང་གི་མཛད་འཆར་ཁག་ཅིག་མང་ཚོགས་ལ་སྤྱི་བསྒྲགས་གནང་བ་ནས་ཤེས་རྟོགས་བྱུང་བཞག འདི་ནི་Lai  Ching-te མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་ཕེབས་པ་ཐོག་མ་དེ་ཡིན་པ་རེད་ལ། དེར་རྒྱ་ནག་ཁོང་ཁྲོ་ལངས་ནས་ངོ་རྒོལ་བྱས་ཡོད་འདུག ཐེ་ཝན་གྱི་སྲིད་འཛིན་མཆོག་བདུན་གཅིག་རིང་ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཡོད་པའི་རྒྱལ་ཁབ་ Marshall Islands དང་ Tuvalu, Palau བཅས་ཐེ་ཝན་དང་གཞུང་འབྲེལ་ཡོད་པའི་རྒྱལ་ཁབ་གསུམ་དེའི་ནང་མཚམས་གཟིགས་གནང་རྒྱུ་ཡིན་པ་དང་། ཕེབས་ལམ་དུ་ཨ་རིའི་ Hawaii དང་ Guam ས་ཁུལ་དུ་བཞུགས་བཞག་མཛད་རྒྱུའི་མཛད་འཆར་ཡོད་པ་དེར་རྒྱ་ནག་གིས་སྐྱོན་བརྗོད་བྱེད་བཞིན་པ་རེད།  རྒྱ་ནག་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་བཤད་བཞིན་པའི་ཐོག ཐེ་ཝན་གྱི་དཔོན་རིགས་ཨ་རིའི་ནང་ཕེབས་རྒྱུར་རྒྱ་ནག་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

ཐེ་ཝན་གྱི་སྲིད་འཛིན་ Lai  Ching-te མཆོག་ཏའོ་ཡོན་རྒྱལ་སྤྱིའི་གནམ་ཐང་ནས་ཕེབས་ཐོན་མ་གནང་གོང་ཁོང་གིས་ངས་དམངས་གཙོ་དང་ཞི་བདེ་འཕེལ་རྒྱས་ཀྱི་རིན་ཐང་བེད་སྤྱད་ནས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་ལས་མུ་མཐུད་བྱ་འདོད་ཡོད། འཛམ་གླིང་གིས་ཐེ་ཝན་དེ་མང་གཙོའི་དཔེ་སྟོན་ཙམ་མ་ཡིན་པར་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་། ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་སྟོབས་ཤུགས་ཤིག་མཐོང་དུ་བཅུག་འདོད་ཡོད་ཅེས་གསུངས་བཞག སྤྱིར་བཏང་ཐེ་ཝན་དེ་བཞིན་རྒྱལ་ཁབ་མང་པོ་དང་མཉམ་འབྲེལ་བ་བཟང་པོ་ཡོད་ཀྱང་། གཞུང་འབྲེལ་ཡོད་པའི་རྒྱལ་ཁབ་ནི་༡༢ལས་མེད་པ་དང་། ཉེ་བའི་འཆར་རྒྱ་ནག་གིས་ཐེ་ཝན་ལ་གནོན་ཤུགས་ཤུགས་ཆེ་སྤྲོད་བཞིན་པ་རེད། ཐེ་ཝན་གྱི་སྲིད་འཛིན་ Lai  Ching-te མཆོག་ལམ་ཞོར་དུ་ཨ་རིའི་ནང་ཉིན་གཉིས་བཞུགས་རྒྱུན་རིང་ཨ་རིའི་འཛིན་སྐྱོང་དཔོན་རིགས་དེ་འདྲ་མཇལ་འཕྲད་གནང་འཆར་ཡོད་མེད་ད་ལྟ་གནས་ཚུལ་གསལ་པོ་གང་ཡང་མིན་འདུག།

གསར་འགོད་པ། ཚེ་དབང་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎