རྒྱ་ནག་འོ་ཙམ་གྱིས་ནད་མནར་ཏུ་གྱུར་བའི་ཕྲུ་གུར་གུན་གསབ།
2008.12.28
༄༅༎རྒྱ་ནག་ནང་དུག་རྫས་ཡོད་པའི་འོ་ཙམ་འཐུང་ཏེ་ནད་མནར་ཏུ་གྱུར་བའི་ཕྲུ་གུའི་ཁྱིམ་བདག་ཚོས་ཉེ་ཆར་གཞུང་གིས་ཕྲུ་གུ་ནད་མནར་དང་རྐྱེན་ལམ་དུ་ཕྱིན་པའི་ནང་མི་ཚོར་གུན་གསབ་སྤྲོད་རྒྱུའི་འཆར་གཞི་ཡོད་པའི་གསལ་བསྒྲགས་བྱས་ཀྱང་གནས་ཚུལ་དེ་དག་ཁ་གསལ་ལམ་ཡང་ན་ཕྱི་གསལ་ནང་གསལ་བཟོ་གི་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་འོ་མའི་ཐོན་སྐྱེས་ཚོང་ལས་མཉམ་འབྲེལ་ཚོགས་པས་འོ་མ་བཟོས་པའི་ཟས་རིགས་ཐོན་སྐྱེས་བྱེད་མཁན་གྱི་བཟོ་གྲྭ་ཁག་ཉི་ཤུ་ཙ་གཉིས་ཡོད་པ་ཚོས་ད་བར་འོ་ཙམ་གྱིས་རྐྱེན་བྱས་ཏེ་འདས་གྲོངས་སུ་ཕྱིན་པའི་ཕྲུ་གུ་དྲུག་དང་དེ་བཞིན་འོ་ཙམ་གྱིས་མཁལ་མའི་ནང་རྡོ་བཟོས་པ་དང་གཅིན་ལམ་དང་ལྒང་ཕུག་ནང་རྡོ་བཟོས་ཏེ་ནད་མནར་དུ་གྱུར་བའི་ཕྲུ་གུ་གཉིས་འབུམ་དགུ་ཁྲི་བཞི་སྟོང་ཡོད་པའི་ཁྱིམ་བདག་ཚོར་གུན་གསབ་ཀྱི་དངུལ་ཐེངས་གཅིག་སྤྲོད་རྒྱུ་ཡིན་པ་བཤད་པ་དང་ད་དུང་ཕྲུ་གུ་ནད་མནར་ཅན་དེ་དག་གི་མ་འོངས་པར་གཟུགས་པོའི་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་པ་ཡིན་ཚེ་སྨན་བཅོས་ཀྱི་འགྲོ་གྲོན་ཆེད་དུ་དཔལ་འབྱོར་གསོག་གྲུབ་ཀྱི་ལས་གཞི་གསར་འཛུགས་བྱས་ཡོད་ཀྱང་ཁོང་ཚོས་དཔལ་འབྱོར་ཇི་ཙམ་གསོག་གྲུབ་བྱས་ཡོད་མེད་ཀྱི་ཁ་གྲངས་གསལ་བསྒྲགས་བྱེད་ཀྱི་མེད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་ཧོ་ནན་ས་གནས་ནང་གཏན་སྡོད་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་གིས་ཨེ་པི་གསར་འགོད་པར་ཁ་པར་ཐོག་འགྲེལ་བརྗོད་བྱས་དོན་ལ་ཁོང་ནི་རྒྱ་ནག་གི་ཕྲུ་གུ་ནད་མནར་ཚོའི་ཁྱིམ་ཚང་ལ་ཁྲིམས་མཐུན་གྱི་གུན་གསབ་ཐོབ་རྒྱུར་རོགས་རམ་བྱེད་མཁན་ཞིག་ཡིན་ཞིང་དེ་སྔོན་ཡིན་ན་ཕྲུ་གུ་ནད་མནར་ཅན་གྱི་ཁྱིམ་ཚང་དེ་དག་ལ་དཔལ་འབྱོར་གྱི་གུན་གསབ་ཐོབ་ཀྱི་རེད་བསམ་པའི་རེ་བ་གང་ཡང་མཐོང་མ་བྱུང་ཡང་ད་ཆ་ཁོང་ཚོར་རེ་བ་ཞིག་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་དང་ཡིན་ནའང་རྒྱལ་ས་པེ་ཅིང་ནང་གི་ཁྲིམས་རྩོད་པ་ཞུས་ཀྲི་ཡུང་ཟེར་བས་ཕྲུ་གུའི་མཁལ་མའི་ནང་རྡོ་ཆགས་ཏེ་སྤྱིར་བཏང་གི་ནད་གཞི་ཚབས་ཆེན་པོ་མེད་པའི་ཁྱིམ་ཚང་ལ་གུན་གསབ་རྒྱ་མའི་སྒོར་མོ་ཉིས་སྟོང་དང་ནད་གཞི་ཚབས་ཆེ་བའི་ཁྱིམ་ཚང་ལ་སྒོར་མོ་གསུམ་སྟོང་སྤྲད་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ཡང་གུན་གསབ་དེ་ནི་འདེངས་ངེས་ཞིག་མ་ཡིན་པ་དང་དྲང་བདེན་གྱི་གུན་གསབ་ཞིག་མ་རེད། གུན་གསབ་དེ་ལྟ་བུས་ཁོང་ཚོའི་གཞི་རྩའི་དཀའ་ངལ་སེལ་ཐུབ་ཀྱི་མ་རེད་ཅེས་བཤད་ཡོད་པ་རེད༎