ཕྱི་ལོ་ཉིས་སྟོང་དགུ་ལོ་ནི་ལོ་ནག་ཅིག་ཏུ་རྩིས་རྒྱུའི་ལས་འཆར།
2009.01.30
༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཕྱི་ལོ་ཉིས་སྟོང་དགུ་ལོ་དེ་བཞིན་ལོ་ནག་ཏུ་རྩིས་ནས་ལོ་གསར་གྱི་སྔ་ནུབ་ནས་འགོ་བཙུགས་སྟེ་ལས་འགུལ་སྣ་ཚོགས་སྤེལ་འཆར་ཡོད་པ་ཁ་ས་གསར་འགོད་གསལ་བསྒྲགས་སྤེལ་གནང་ཡོད་འདུག
ཡང་ཨེ་ཨེན་ཨའེ་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་ཉིས་སྟོང་དགུ་ལོ་དེ་བཞིན་ལོ་ནག་ཅིག་ཏུ་རྩིས་ནས་ལོ་གསར་གྱི་སྔ་ནུབ་ནས་བཟུང་མར་མེའི་ཁྲིམ་བསྐོར་དང་བཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུའི་འཆར་གཞི་གཟའ་ཕུར་བུའི་ཉིན་ཕྱིར་བསྒྲགས་གནང་ཡོད་པ་འཁོད་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་ལོ་གསར་གཏོང་རྒྱུ་མིན་པ་དང་འབྲེལ་དེའི་ཚབ་ཏུ་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ནང་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་སྒེར་ལངས་ནང་བོད་མི་མང་པོ་རྒྱ་ནག་གི་དྲག་གནོན་འོག་ཚེ་སྲོག་ཤོར་ཡོད་པ་ཚོའི་ཆེད་ལོ་གསར་ཚེས་གཅིག་ཉིན་མར་མེའི་ཁྲོམ་བསྐོར་གྱི་ལས་འགུལ་གོ་སྒྲིག་གནང་འཆར་ཡོད་པ་དང་ད་དུང་ཡང་བོད་མི་སྟོང་ཕྲག་མང་པོ་རྒྱ་ནག་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད་པ་ཚོར་གདུང་སེམས་མཉམ་སྐྱེད་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུ་མ་ཟད་ཕྱི་ལོ་ཉིས་སྟོང་དགུ་ལོ་དེ་ནི་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་གྱི་ལོ་ཞིག་འཁེལ་གྱི་ཡོད་པར་བརྟེན་ནས་ཉིས་སྟོང་དགུ་ལོ་དེ་ནི་ལོ་ནག་ཅིག་ཏུ་རྩིས་རྒྱུ་སོགས་ཀྱི་ལས་འཆར་ཁག་ཁ་ལ་གསལ་བསྒྲགས་གནང་ཡོད་པ་རེད།